འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་10ཉིན།

༄༅༎འབྲོག་པ་བཀྲ་ནོར་གྱི་བསམ་འདུན། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་10ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཉིན་ཞྭ་གྲོང་ཚོའི་འབྲོག་པ་བཀྲ་ནོར་དང་ཁོང་གི་བཟའ་ཟླ་ཚེ་ལེགས་ཀྱི་ཕྱུགས་འཚོ་སའི་གཞིས་ཆགས་ཁང་པའི་ནང་དྲོ་སོབ་སོབ་ཡོད་པ་དང་སྲོ་སྒམ་སྟེང་གི་འོ་ཇ་ལས་རླངས་པ་འཕྱུར་བཞིན་ཆ་སྒམ་སྟེང“ཁྱིམ་ཚང་ཡག་ཤོས”དང་ཚ་བོ་ཆུང་ཆུང་གི་གཟི་བརྗིད་མཚན་སྙན་ལག་ཁྱེར་གྱིས་ཁེངས་ཡོད།
     ལོ་74ལ་སླེབས་པའི་བཀྲ་ནོར་དང་ཚེ་ལེགས་རྒན་རྒོན་གཉིས་ལ་རྩྭ་ར་མུའུ་1245ཡོད་པ་དང་དུས་རྒྱུན་ཁོང་གཉིས་དེ་གར་ཕྱུགས་འཚོས་ནས་སྡོད་ཀྱི་ཡོད། ལོ་ཤས་གོང་། ཁོང་གཉིས་ཀྱི་བུ་གྲོངས་པ་དང་བུའི་མནའ་མ་རང་ཁྱིམ་དུ་ལོག་པས་བཀྲ་ནོར་སྐབས་ཤིག་རིང་སྡུག་བསྔལ་ཆེན་པོ་བྱུང་བ་དང་ནད་ཀྱིས་མནར་ནས་མལ་སར་ལུས་པ་རེད། རྒན་རྒོན་གཉིས་ཀྱིས་རང་ཁྱིམ་གྱི་རྩྭ་ར་བོགས་མར་བཏང་རྗེས་སྨན་པ་བསྟེན་ནས་སྨན་བཅོས་བྱེད་འགོ་ཚུགས། ལོ་མཐོ་པོ་ཡིན་པས་སྨན་ཁང་ཆེ་གྲས་ལ་འགྲོ་མི་ཐུབ་སྟབས་ནད་གཞི་དྲག་སྐྱེད་མ་བྱུང་བའི་ཁར། དངུལ་ཚང་མ་རྫོགས་པ་མ་ཟད་ནོར་ལུག་ཀྱང་ཚང་མ་འཚོང་དགོས་བྱུང་ཡོད།
     2015ལོར། གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད་བཀྲ་ནོར་ཁྱིམ་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་པ་དང་། གྲོང་ཚོ་ཨུ་ལྷན་གྱིས་བཀྲ་ནོར་ཁྱིམ་གྱི་གནས་ཚུལ་ཤེས་རྟོགས་དང་དབྱེ་ཞིབ་བྱས་རྗེས། ཁོང་ཁྱིམ་གྱི་མུའུ་1245ཡོད་པའི་རྩྭ་ར་དེ་བོགས་མར་ལེན་མཁན་གྱི་ས་ནས་ཚུར་བླངས་པ་དང་འབྲེལ་གྲོང་ཚོའི་ལུ་གུ་གཅིག་སྡུད་གསོ་ཚགས་རྟེན་གཞི་ཁོང་ཁྱིམ་གྱི་རྩྭ་རའི་ནང་བཙུགས་པ་མ་ཟད། ད་དུང་ཁོང་ཚོར་ཞིང་ཆེན་སྨན་ཁང་དུ་སྨན་པ་བསྟེན་པར་འགྲོ་རོགས་བྱས་པ་རེད།
     བཀྲ་ནོར་ཞིང་ཆེན་སྨན་ཁང་དུ་སྨན་པ་བསྟེན་ནས་ནད་གཞི་མངོན་གསལ་དོད་པོས་དྲག་སྐྱེད་བྱུང་བ་དང་། ཁྱིམ་དུ་ལོག་རྗེས་གྲོང་ཚོའི་ལུག་ཐུག་འཚོ་རོགས་བྱས་པ་དང་གྲོང་ཚོས་ཟླ་རེར་ཁོང་ལ་གླ་ཆ་སྒོར་1000སྤྲོད་ཀྱི་ཡོད། དུས་རྒྱུན་ཁོང་གཉིས་ཀྱིས་ཤ་མོང་སྒྲུག་ནས་ཡོང་འབབ་སྒོར་4000ལྷག་ཙམ་ཡོང་གི་ཡོད་པས་འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་རེད།
     ཡོང་འབབ་སྐོར་བརྗོད་སྐབས། ཚེ་ལེགས་ཀྱིས“རྩྭ་ར་ནས་ལོ་རེར་ཡོང་འབབ་སྒོར་24900ཡོད་པ་དང་། ཕྱུགས་རྫིའི་ཡོང་འབབ་སྒོར་6000 ཤ་མོང་སྒྲུག་ནས་གཞེས་ནིང་ཡོང་འབབ་སྒོར་5000ལྷག་ཙམ་དང་། ན་ནིང་སྒོར་4500ལྷག་ཙམ་བྱུང་། ད་ཆ་ཁྱིམ་ལ་ད་དུང་འབྲི་གཡག་12དང་ལུག་50ཡོད་པས་འཚོ་བའི་ཆ་རྐྱེན་དེ་སྔ་ལས་ལྡབ་ཁ་ཤས་ཀྱིས་ཡག་པ་ཡོད”ཅེས་བརྗོད་པ་རེད།
     “མ་གཞི་ང་གཉིས་ལོ་70ལྷག་ཙམ་སླེབས་ཀྱང་། ང་གཉིས་ཀྱིས་ལས་ཀ་བྱེད་ཐུབ་པ་དང་ཕྱུགས་འཚོ་གི་ཡོད། ད་ཆ་འཚོ་བ་ཡག་ཏུ་ཕྱིན་སྟབས་ང་ཚོས་གཞན་གྱི་རྐང་པ་འཐེན་མི་ཉན”ཞེས་བཀྲ་ནོར་གྱིས་བརྗོད།
     ཁྱོན་འཁྱིལ་ཤང་ཏང་ཨུད་ཀྱི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་དོན། བཀྲ་ནོར་དང་ཚེ་ལེགས་ནི་ཉིན་ཞྭ་གྲོང་ཚོའི་དབུལ་སྒྲོལ་མིག་དཔེ་ཡིན་པ་དང་། ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་ཀྱང་སྔར་བཞིན་ངར་ཤུགས་ཆེན་པོས་ལས་ཀ་བྱེད་ཀྱི་ཡོད། གྲོང་ཚོའི་ནང་གི་མི་ཚང་མས་ཁོང་གཉིས་ལ་གུས་བཀུར་ཡི་རང་བྱེད་ཀྱི་ཡོད་ལ་ཁོང་གཉིས་ཀྱི་སྙིང་སྟོབས་ལས་མི་མང་པོ་ཞིག་ལ་སྐུལ་ཁྲིད་བྱས་ཡོད་པས་ཉིང་ཞྭ་གྲོང་ཚོ་དང་ཐ་ན་ཁྱོན་འཁྱིལ་ཤང་གི་ཏང་ཡོན་དང་ལས་བྱེད་པ་དང་འབྲོག་པ་ཚོའི་སློབ་སྦྱོང་བྱེད་སའི་མིག་དཔེར་གྱུར་ཡོད་པ་རེད།
     2017ལོར། རྐང་ཚ་རྫོང་ཚང་མ་དབུལ་ཞྭ་ཕུད་མོད། འོན་ཀྱང་དབུལ་སྒྲོལ་ལས་དོན་སྔར་བཞིན་སྲ་བརྟན་དུ་གཏོང་བཞིན་ཡོད། ཚེ་བྷོས་ད་ཆ་ཉིན་ཞྭ་གྲོང་ཚོའི་འབྲོག་པ་ཚང་མ་ཧུར་བརྩོན་ཆེན་པོ་ཡོད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་འོག་སྤྱི་པའི་རྩྭ་ར་བོགས་མར་གཏོང་ལེན་སོགས་ཀྱི་ཐོན་ལས་ཕུད་ད་དུང་རྫོང་གྲོང་དུ་མགྲོན་ཁང་དང་། རྒྱ་ཁོག་གྲོང་། རྩྭ་ཐང་གི་སྣོད་བཅུད་འབྲོག་ལས་ཆེད་ལས་མཉམ་ལས་ཁང་སོགས་བཙུགས་ཡོད་པས་གྲོང་ཚོའི་མཉམ་སྡེབ་ཀྱི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་850ལྷག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས།
     “ང་ཚོའི་ཉེ་འགྲམ་གྱི་མི་ཚང་མ་མིག་དཔེ་བཟང་པོ་ཞིག་རེད། གྲོང་མི་ཚང་མས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཚེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་སྲིད”ཅེས་ཚེ་བྷོས་བཤད་པ་དང་། ད་དུང་ཁོང་གིས་མགྲོན་ཁང་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་དོ་དམ་མི་སྣ་གསོ་སྐྱོང་བྱས་ཏེ་ལོ་གསུམ་ནས་ལོ་ལྔ་ཡི་རྗེས་སུ་ཉིང་ཞྭ་གྲོང་ཚོ་དེར“ཕྱེད་ཁེ་ལས་དང་ཕྱེད་འབྲོག་ལས”ཀྱི་འཕེལ་རྒྱས་དཔེ་དབྱིབས་ཆགས་རྒྱུ་ནི་ངའི་བསམ་འདུན་ཆེ་ཤོས་དེ་ཡིན་ཞེས་བརྗོད་པ་རེད།