འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་6ཉིན།

༄༅༎མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཀྲོའུ་བདེ་སྐྱིད་གྲོང་ཚོས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་06ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བདེ་སྐྱིད་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གི་ཤར་ལྷོའི་ཕྱོགས་སུ་གནས་པ་དང་རྨ་ཆུའི་ངོགས་སུ་ཆགས་ཡོད། ཡུལ་དེའི་རང་བྱུང་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། རྨ་ཆུ་ནི་བདེ་སྐྱིད་གྲོང་ཚོའི་སྲ་ཞིང་བརྟན་པའི་སྣོད་བཅུད་སྲུང་ཡོལ་ཡིན་ལ་གྲོང་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གཡུལ་ས་གཙོ་བོ་དེའང་ཡིན། 2016ལོའི་ཟླ་6་པ་ནས་བཟུང་། ཞིང་འབྲོག་དུད་251གཅིག་རྗེས་གཉིས་མཐུད་ངང་གཅན་ཚ་རྫོང་གི་ཆུ་དཀོན་ཞིང་གྲང་ངར་ཆེ་བའི་འཚོ་གནས་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཚབས་ཆེན་ཐེབས་པའི་ཤང་དང་གྲོང་རྡལ་7གྱི་གྲོང་ཚོ་30བདེ་སྐྱིད་གྲོང་ཚོར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།
     གཅན་ཚ་རྫོང་དབུལ་སྐྱོར་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པའི”དམིགས་ཚད་མངོན་འགྱུར་ཐུབ་ཕྱིར། བདེ་སྐྱིད་གྲོང་ཚོས་རྨ་ཆུའི་ཆུ་བེད་མཛེས་ལྗོངས་དང་། གནམ་གཤིས། ས་བབ། འགྲིམ་འགྲུལ་སྟབས་བདེ་སོགས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་ཐོན་ལས་བདམས་རྗེས་སྤྲོ་གསེང་ཐང་ཆེན་དང་། ཐང་སྡེར་གྲམ་ཐང་། བག་གོས་པར་ལེན་རྟེན་གཞི་སོགས་ཡུལ་སྐོར་གྱི་རྗེས་མཐུད་ཐོན་ལས་རྣམ་གྲངས་ལག་བསྟར་བྱས། 2017ལོ་ནས་བཟུང་། སྔ་རྗེས་སུ་གཙང་སྦྲ་བ་77དང་། གྲོང་ཚོའི་ཉེན་རྟོག་པ་2 ཆུ་དོ་དམ་པ་2 ཡུལ་སྐོར་ཞབས་ཞུ་བ་22བསྡུས་པ་མ་ཟད། དུད་ཚང་30ཡི་མང་ཚོགས་ལ་ཞིང་པའི་སྤྲོ་སྐྱིད་ཁང་འཕེལ་རྒྱས་གཏོང་རོགས་བྱས་པ་དང་དུད་ཚང་38ཀྱི་མང་ཚོགས་ལ་ཁྱད་ལྡན་སིལ་ཟས་གཉེར་སྐྱོང་བྱེད་རོགས་ཀྱང་བྱས་ཏེ་མང་ཚོགས་ཚོ་ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་ཁྲིད་སྟོན་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དང་དབུལ་སྐྱོར་ཐོན་ལས་འགོ་ཚུགས་ཚོགས་ཆེན་བདེ་སྐྱིད་གྲོང་ཚོར་འཚོགས་པ་དང་བསྟུན་ནས། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་གཉེར་ཁང་40བདེ་སྐྱིད་གྲོང་ཚོར་རྟོག་ཞིབ་བྱེད་པར་ཡོང་བ་མ་ཟད། ཁོང་ཚོ་དང་གན་རྒྱའང་བཞག བདེ་སྐྱིད་གྲོང་ཚོའི་ཡུལ་སྐོར་སྤུས་དག་ལམ་ཐིག་མུ་མཐུད་ལེགས་སུ་བཏང་བ་དང་གྲོང་གསེབ་ཡུལ་སྐོར་གཉེར་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས། 2018ལོའི་ཟླ་7པའི་ཟླ་མཇུག་ནས་བདེ་སྐྱིད་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་གྱི་དབུལ་སྐྱོར་མཛེས་ལྗོངས་གཉེར་སྐྱོང་བྱས་ཚུན་ཡུལ་སྐོར་གྱི་ཁྲལ་འབབ་སྒོར་ཁྲི་300ལྷག་བྱུང་ཡོད།