འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་3ཉིན།

༄༅༎《ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》བཀྲམ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎《ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》བཀྲམ།
     མི་དམངས་དྲ་བའི་འཕྲིན། ཚེས་2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་པ་དང་། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ཀྱི་ཀྲུང་གོའི་སྲིད་ཇུས་དང་ལངས་ཕྱོགས་གསལ་བཤད་བྱ་རྒྱུ་དེ་རེད། 
     འདི་ནི་ན་ནིང་ཟླ་9པར《ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་རྩོད་གཞིའི་སྐོར་གྱི་དོན་དངོས་དང་ཀྲུང་གོའི་ལངས་ཕྱོགས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་རྗེས། ཀྲུང་གོ་ཕྱོགས་ཀྱིས་སླར་ཡང་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ལ་སྤེལ་བའི་རྒྱབ་ཤ་དཀར་པོའི་དེབ་རེད། རྒྱབ་ཤ་དཀར་པོའི་དེབ་འདིར་ཁྱོན་ཡིག་འབྲུ་8300ཙམ་ཡོད་ལ། འགོ་བརྗོད་དང་མཇུག་བསྡུའི་གཏམ་ཕུད་རྗེས་ཁྱོན་བསྡོམས་ཁག་གསུམ་ཚུད་ཡོད་དེ། དེ་དག་ནི་ཨ་རིས་ཀྲུང་གོར་དཔལ་འབྱོར་ཉོ་ཚོང་རྩོད་གཞི་བསླངས་ནས་རྒྱལ་ཁབ་གཉིས་པོ་དང་གོ་ལ་ཧྲིལ་པོའི་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་། ཨ་རིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཁྲོད་ཁ་གཅིག་ལྕེ་གཉིས་དང་ཁ་དན་ཚིག་ལ་མ་གནས་པ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་། གཉིས་ཕན། ཡིད་རྟོན་བཅས་ཀྱི་གྲོས་མོལ་ལངས་ཕྱོགས་མཐའ་འཁྱོངས་བྱེད་ཀྱི་ཡོད་པ་བཅས་ཡིན། 
     རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“གྲུ་འདེགས་པའི་རྡོ”དང“སྐུལ་འདེད་འཕྲུལ་ཆས”ཡིན་པས། དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་ལ་འཛམ་གླིང་གི་དར་རྒྱས་དང་བརྟན་ལྷིང་དང་འབྲེལ་ཡོད་ཅེས་བསྟན། 
     རྒྱབ་ཤ་དཀར་པོའི་དེབ་ནང་། 2017ལོར་ཨ་རིའི་སྲིད་གཞུང་སྐབས་གསར་པས་ལས་འགན་བཞེས་ཚུན། སྒོ་ཁྲལ་འཕར་མ་བསྡུ་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་འཇིགས་སྐུལ་བྱས་ཏེ་ཉོ་ཚོང་རོགས་ཟླ་གཙོ་བོའི་དབར་ལ་རྩོད་གཞི་ཡང་ཡང་བསླངས་པ་རེད། 2018ལོའི་ཟླ་3པ་ནས་བཟུང་། ཨ་རི་སྲིད་གཞུང་ཕྱོགས་གཅིག་པུས་བསླངས་པའི་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གི་རྩོད་གཞི་ལ་དམིགས་ནས། ཀྲུང་གོས་ཁ་གཏད་གཅོག་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོབ་མི་བྱེད་ཐབས་མེད་བྱུང་ཡོད། དེ་དང་ཆབས་ཅིག  ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ནས་རྩོད་གཞི་ཐག་གཅོད་པའི་གཞི་རྩའི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཨ་རི་དང་རེས་སྐོར་མང་པོའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་བྱས་ནས་ཧུར་ཐག་གིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བརྟན་པོ་བཟོས་ཡོད་ཅེས་བསྟན་ཡོད། 
རྒྱབ་ཤ་དཀར་པོའི་དེབ་ནང་། ཉེ་དུས་ཨ་རིས་ཀྲུང་གོར་སྒོ་ཁྲལ་འཕར་མ་བསྡུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དེས། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པ་མེད་ལ། ཀྲུང་གོས་དེར་ངོ་རྒོལ་ཤུགས་ཆེན་བྱས་ཤིང་། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མི་བྱེད་ཐབས་མེད་བྱུང་ཞེས་བསྟན་ཡོད། 
     རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོའི་རྣམ་འགྱུར་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན། ཀྲུང་ཨ་རྒྱལ་ཁབ་གཉིས་མཐུན་ན་གཉིས་ཀར་ཕན་པ་དང་། འཐབ་ན་གཉིས་ཀར་གནོད་པས། མཉམ་ལས་ནི་ཕྱོགས་གཉིས་པོའི་ཡང་དག་གི་གདམ་ག་ཉག་ཅིག་ཡིན་ཞེས་བརྗོད་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འགལ་བ་དང་རྩོད་གཞིའི་ཐད། ཀྲུང་གོས་མཉམ་ལས་ཀྱི་བྱ་ཐབས་སྤྱད་ནས་ཐག་གཅོད་བྱས་ཏེ་གཉིས་ཁེ་གཉིས་ཕན་གྱི་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་མོད། འོན་ཏེ་མཉམ་ལས་བྱེད་པར་རྩ་དོན་ཡོད་པ་དང་། གྲོས་མོལ་བྱེད་པར་མཐའ་ཚད་ཡོད་པས། གཞི་རྩའི་གནད་དོན་གལ་ཆེན་ཐད་ཀྲུང་གོས་བཟོད་སྒོམ་གཏན་ནས་བྱེད་མི་སྲིད། ཉོ་ཚོང་འཐབ་རྩོད་ཐད་ལ་ཀྲུང་གོས་འཐབ་འདོད་མེད་པ་དང་། འཐབ་རྒྱུར་སྐྲག་གི་མེད། དགོས་པ་བྱུང་ཚེ་མི་འཐབ་ཀ་མེད་ཀྱི་རྣམ་འགྱུར་འདི་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱུང་མེད་ཅེས་ནན་བཤད་བྱས་ཡོད། 
༄༅༎《ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》བཀྲམ།