འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་3ཉིན།

༄༅།།ཨ་རིས་ལམ་ཡིག་རེ་ཞུའི་ཐད་ལ་བླང་བྱ་གསར་པ་བཏོན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་03ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་1ཉིན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བདེ་འཇགས་ཞིབ་དཔྱད་བྱེད་ཤུགས་ཇེ་ཆེར་གཏོང་བ་རྒྱུ་མཚན་དུ་བྱས་ནས། ཨ་རིའི་ལམ་ཡིག་རེ་ཞུ་མཁན་མང་ཤོས་ལ་མི་སྒེར་གྱི་སྤྱི་འབྲེལ་སྨྱན་སྦྱོར་ཨང་གྲངས་ཀྱི་ཆ་འཕྲིན་མཁོ་འདོན་བྱ་དགོས་པའི་བླང་བྱ་བཏོན་ཡོད། 
     གཏན་འབེབས་གསར་པ་འདི་ནི་ཟླ་5ཚེས་31ཉིན་ནས་ལག་བསྟར་བྱས་ཤིང་། གསར་འགོད་པས་ཨ་རིའི་ལམ་ཡིག་རེ་ཞུ་བྱ་སའི་དྲ་ངོས་ནས་ཤེས་རྟོགས་བྱུང་གསལ། རེ་ཞུའི་རེའུ་མིག་གི་ཁག་གཅིག་ལ་འདས་པའི་ལོ་5རིང་སྤྱི་འབྲེལ་དྲ་ངོས་20ནང་རང་གིས་བེད་སྤྱད་མྱོང་བའི་མི་སྒེར་གྱི་ཨང་གྲངས་འབྲི་དགོས་པའི་བླང་བྱ་བཏོན་འདུག  ལམ་ཡིག་རེ་ཞུ་བྱ་སའི་དྲ་ངོས་ལ་གཞིགས་ན། རེ་ཞུ་མཁན་གྱིས་ཏུའུ་པེན་དང་། ངོ་དེབ། ཕིང་ཆུའུ་དྲ་བ། QQབར་སྟོང་། ཤིན་ལང་པོད་ཕྲན། ཐུན་ཞོན་པོད་ཕྲན། ཐུའེ་ཐེ། ཡུའུ་ཁུའུ་སོགས་སྤྱི་འབྲེལ་སྨྱན་སྦྱོར་ཐོག་གི་མི་སྒེར་གྱི་ཨང་གྲངས་མཁོ་འདོན་བྱ་དགོས། 
     ཨ་རིར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ཨ་རིའི་ལམ་ཡིག་ཐད་ཀྱི་གཏན་འབེབས་གསར་པ་ར་སྤྲོད་བྱུང་ཞིང་། ཨ་རིར་བསྐྱོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ལམ་ཡིག་རེ་ཞུ་བྱེད་དུས་འབྲེལ་ཡོད་བཅའ་ཁྲིམས་བརྩི་སྲུང་དགོས་པ་དང། དྲང་བདེན་སྒོས་ཨ་རིར་བསྐྱོད་པའི་དམིགས་ཡུལ་འབྲི་དགོས་ལ། རྒྱུ་ཆ་ཡང་དག་མཁོ་འདོན་བྱ་དགོས་པ། ཨ་རིར་སླེབས་རྗེས་ལམ་ཡིག་གི་རིགས་དང་འགལ་བའི་བྱེད་སྒོ་མི་སྤེལ་རྒྱུ་གསལ་འདེབས་བྱས་ཡོད། 
     ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་པོ་ཞིག་གི་སྐད་ཆ་དྲངས་པ་སྟེ། ཨ་རིས་དུས་དང་རྣམ་པ་ཀུན་ཏུ་ལམ་ཡིག་རེ་ཞུ་མཁན་ལ་ཞིབ་དཔྱད་ནན་པོ་བྱེད་ཐབས་འཚོལ་བཞིན་ཡོད། དཔོན་པོ་དེས་བསྟན་དོན། རེ་ཞུ་མཁན་གྱིས་རང་ཉིད་ཀྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བེད་སྤྱོད་གཏོང་གི་མེད་ཅེས་བྲིས་ཆོག  ཡིན་ནའང་། རྫུན་གཏམ་ལབ་ན་“མཇུག་འབྲས་ཚབས་ཆེན་”བྱུང་རྒྱུ་རེད། 
     ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚོད་རྩིས་བྱས་པར་གཞིགས་ན། གཏན་འབེབས་གསར་པ་འདི་ཡིས་གནས་སྤོས་ཡུལ་མིའི་ལམ་ཡིག་རེ་ཞུ་མཁན་མི་ཁྲི་71དང་གནས་སྤོས་ཡུལ་མི་མ་ཡིན་པའི་ལམ་ཡིག་རེ་ཞུ་མཁན་མི་ཁྲི་1400ལྷག་ལ་ཤུགས་རྐྱེན་ཐེབས་སྲིད། ཕྱི་འབྲེལ་དང་གཞུང་དོན་ལམ་ཡིག་རེ་ཞུ་མཁན་ཁ་ཤས་མ་གཏོགས་གཏན་འབེབས་གསར་པ་འདིས་ཤུགས་རྐྱེན་ཐེབས་སྲིད། 
     གཏན་འབེབས་གསར་པ་འདིའི་ཐད་ཨ་རིའི་གླེང་ཕྱོགས་ནང་སྐྱོན་བརྗོད་མང་པོ་ཡོད་ལ། ཨ་རིའི་དམངས་དབང་མཉམ་འབྲེལ་གྱིས་གསལ་བསྒྲགས་ཤིག་གི་ནང་དུ། གཏན་འབེབས་གསར་པས་མཐོང་ཆུང་གི་བྱ་སྤྱོད་སྤེལ་རོགས་བྱེད་སྲིད་པ་དང་། བསྡུ་ལེན་བྱས་པའི་ཆ་འཕྲིན་དག་ནི་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་དགོས་ངེས་ཀྱི་ཁྱབ་ཁོངས་ལས་མངོན་གསལ་གྱིས་བརྒལ་ཡོད་”པར་བཤད།