༄༅།།མཐར་ཟད་100ཡི་གཤེད་ཤུགས་འགྲན་བསྡུར་སྐབས་ལྔ་པ་བདེ་ཆེན་དུ་འགོ་འཛུགས་ཉེར་ཡོད་པ།
གསར་འགྱུར་སྤེལ་དུས། 【2019ལོའི་ཟླ་ 05ཚེས་29ཉིན། 11:04】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
● ཟླ་5ཚེས་31ཉིན་བདེ་ཆེན་དུ་འགོ་འཛུགས་རྒྱུ་ཡིན་པ།
● རྒྱལ་ཁབ་དང་ས་ཁུལ་21ནས་ཡོང་བའི་བདམས་ཐོན་པ་ཆིག་སྟོང་ཙམ་སྐབས་འདིའི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོའི་བདེ་ཆེན་སྨན་རིའི་མཐར་ཟད་100ཡི་གཤེད་ཤུགས་འགྲན་བསྡུར་སྐབས་ལྔ་པ་ཟླ་5ཚེས་31ཉིན་བདེ་ཆེན་དུ་འགོ་འཛུགས་རྒྱུ་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་21ནས་ཡོང་བའི་བདམས་ཐོན་པ་ཆིག་སྟོང་ཙམ་སྐབས་འདིའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
འདི་ལོ་ནས་བཟུང་། འགྲན་བསྡུར་གྱི་པར་གཞི་གསར་རྐྱང་ཡིན་པའི་འགྲན་བསྡུར་གནས་ཚུལ་གྱི་མ་ལག་དང་། ལྟ་སྐུལ་ཚོད་འཛིན་གྱི་ལས་སྟེགས། ནང་སྒྲིག་3Dས་བཀྲའི་APPབཅས་དངོས་སུ་དྲ་ཐོག་ཏུ་སྤྱོད་རྒྱུ་རེད།
འགྲན་བསྡུར་ཁྲོད་བདམས་ཐོན་པ་ཚང་མས་ལམ་ཐག་ཧྲིལ་པོར་བྱང་སྐར་སྤུན་བདུན་གྱི་གནས་གཏན་ཡོ་ཆས་འཁྱེར་རྒྱུ་དང་། སྒྲིག་འཛུགས་ཨུ་ལྷན་གྱིས་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པ་ཚང་མའི་གནས་ས་དང་འགུལ་ཤུལ་ཤེས་ཐབས་བྱེད་རྒྱུ་རེད། ལྟད་མོ་བ་ཚོས་འགྲན་བསྡུར་ལ་ཞུགས་པའི་ལུས་རྩལ་པའི་མིང་རིམ་དང་གནས་ཡུལ་འཕྲལ་དུ་མཐོང་ཐུབ་པ་དང་། ལས་དོན་པས་བརྡ་རྟགས་མེད་པའི་ས་ཁོངས་སུ་བྱང་སྐར་སྤུན་བདུན་གྱི་སྒམ་དང་སྲུང་སྐར་གྱི་ཁ་པར་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།
སྐབས་འདིའི་འགྲན་བསྡུར་དེ་བདེ་ཆེན་ཀྲོའུ་སློབ་གསོ་ལུས་རྩལ་ཅུས་དང་། བདེ་ཆེན་ཀྲོའུ་རིག་གནས་དང་ཡུལ་སྐོར་ཅུས། ཀྲུང་གུང་བདེ་ཆེན་རྫོང་ཨུད། བདེ་ཆེན་རྫོང་སྲིད་གཞུང་སོགས་ཀྱི་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།