འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་28ཉིན།

༄༅།།ཀྲུང་གོའི་རོགས་སྐྱོབ་མི་སྣས་ཇོ་མོ་གླང་མའི་བྱང་ངོས་ཀྱི་སྨི་7500ཡི་ས་ནས་ཕྱི་རྒྱལ་གྱི་
རི་འཛེག་པ་ཞིག་བསྐྱབས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་28ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོའི་རོགས་སྐྱོབ་མི་སྣས་ཇོ་མོ་གླང་མའི་བྱང་ངོས་ཀྱི་སྨི་7500ཡི་ས་ནས་ཕྱི་རྒྱལ་གྱི་
རི་འཛེག་པ་ཞིག་བསྐྱབས་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་རི་འཛེག་མཐུན་ཚོགས(གཤམ་ལ“བོད་ལྗོངས་རི་འཛེག་མཐུན་ཚོགས”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་22ཉིན་གྱི་དགོང་མོ། ཨོ་སི་ཁྲུ་ལི་ཡ་ནས་ཡིན་པའི་རི་འཛེག་པ་ཞིག་ཇོ་མོ་གླང་མའི་ས་བབ་མཐོ་ཚད་སྨི་7500ཡི་སར་ཉེན་ཁའི་གནས་སུ་གྱར་ནས་བོད་ལྗོངས་རི་མཐོའི་མྱུར་སྐྱོབ་རུ་ཁག་གིས་རོགས་སྐྱོབ་བྱས་པ་རེད། གསར་འགོད་པས་གསར་འགྱུར་སྤེལ་སྐབས་རི་འཛེག་པ་དེ་རོགས་སྐྱོབ་རུ་ཁག་གིས་རོགས་རམ་འོག་ས་བབ་མཐོ་ཚད་སྨི་6500ཡི་མདུན་སྐྱོད་སྒར་ས་ནས་ས་བབ་མཐོ་ཚད་སྨི་5200ཡོད་པའི་སྒར་ས་ཆེ་མོར་ལོག་པ་རེད།
     བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་2019ལོའི་ཇོ་མོ་གླང་མའི་བྱང་ངོས་རི་འཛེག་དུས་ཚིགས་ཀྱི་སྤྱིའི་འབྲེལ་གཏུག་དཔོན་པད་མ་འཕྲིན་ལས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་22ཉིན་གྱི་ཕྱི་དྲོ། ཇོ་མོ་གླང་མའི་གངས་ཐིག་ཡན་དུ་རམ་འདེགས་ཐག་པ་འདིང་མཁན་ཀྲུང་གོའི་ལམ་བཟོ་རུ་ཁག་གིས་ཐག་པ་བཏིངས་ཟིན་རྗེས་རི་རྩེ་ནས་ལོག་པ་རེད། དགོང་མོའི་ཆུ་ཚོད་7པ་ཙམ་ལ་ལམ་བཟོ་རུ་ཁག་གིས་ས་བབ་མཐོ་ཚད་སྨི་7500ཡི་ས་ནས་ཨོ་སི་ཁྲུ་ལི་ཡ་ནས་ཡིན་པའི་རི་འཛེག་པ་ཞིག་ལུས་ཤུགས་ཟད་ནས་དྲན་པ་གསལ་ལ་མི་གསལ་དུ་གྱུར་ཡོད་པ་དང་། རི་འཛེག་པ་དེར་རམ་འདེགས་བྱེད་མཁན་ནེ་པ་ལ་ནས་ཡིན་པའི་ཤར་པའི་རི་འཛེག་སྣེ་ཤན་པ་གཉིས་ནི་དངོས་ཟོག་འཁྱེར་རྒྱུ་མང་བས་ཕྱིར་ལོག་སྐབས་རམ་འདེགས་བྱེད་ཐབས་བྲལ་ཡོད་པ་ཤེས་རྟོགས་བྱུང་།
     ལམ་བཟོ་རུ་ཁག་གིས་འཕྲལ་དུ་བོད་ལྗོངས་རི་འཛེག་མཐུན་ཚོགས་ལ་བརྡ་ཁྱབ་བཏང་བ་དང་ཆབས་ཅིག་ཉེན་གྱར་པ་དེ་ཕྱིར་ལོག་བྱ་རྒྱུར་རམ་འདེགས་ཀྱང་བྱས། བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཐོག་ཏུ་རི་མཐོའི་རོགས་སྐྱོབ་མ་ལག་སྤྱད་དེ་རི་སྟེང་དུ་ཡོད་པའི་གནས་རིའི་རི་འཛེག་མྱུལ་ཞིབ་ཞབས་ཞུ་ཚད་ཡོད་ཀུང་སིའི(གཤམ་ལ“གནས་རི་ཀུང་སི”ཞེས་བསྡུ་རྒྱུ)སྣེ་ཤན་པས་རོགས་སྐྱོབ་བྱས་པ་དང་། བོད་ལྗོངས་རི་འཛེག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་ས་བབ་མཐོ་ཚད་སྨི་6500ཡི་སར་ཡོད་པའི་མདུན་སྐྱོད་སྒར་སར་བསུས་པ་རེད།
     རོགས་སྐྱོབ་བརྡ་ཁྱབ་འབྱོར་རྗེས་གནས་རི་ཀུང་སིས་སྨན་པ་1ཚུད་པའི་རི་མཐོའི་སྣེ་ཤན་པ་6གིས་རི་མཐོར་མཁོ་བའི་གསོ་རླུང་དང་། བཟའ་བཅའ། སྨན་རྫས་སོགས་འཁྱེར་ཏེ་ས་བབ་མཐོ་ཚད་སྨི་7028ཡོད་པའི་སྒར་ས་དང་པོ་ནས་མདུན་ཕྱོགས་སུ་བསུས་པ་མ་ཟད། རོགས་སྐྱོབ་མི་སྣས་ལམ་བར་དུ་ཉེན་གྱར་བར་གསོ་རླུང་མཁོ་འདོན་བྱས་པ་རེད། ཆུ་ཚོད་4ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་མདུན་སྐྱོད་རུ་ཁག་གིས་དགོང་མོའི་ཆུ་ཚོད་11ཙམ་ལ་ཉེན་གྱར་བ་དེ་སྒར་ས་དང་པོར་བསུས་པ་རེད།
     ཉེན་གྱར་བ་སྒར་ས་དང་པོར་སླེབས་སྐབས་རིམ་བཞིན་དྲན་པ་གསོས་ཤིང་། རོགས་སྐྱོབ་རུ་ཁག་གིས་ཁོང་དང་དེའི་རུ་སྣེ་ཁྲིད་མཁན་དང་གྲོས་བསྡུར་བྱས་པ་བརྒྱུད་སྒར་ས་དང་པོར་དགོང་མོ་གཅིག་ངལ་གསོ་རྒྱག་རྒྱུའི་ཐག་བཅད། ཚེས་23ཉིན་གྱི་སྔ་དྲོ། ཉེན་གྱར་བ་དེ་ས་བབ་མཐོ་ཚད་སྨི་6500ཡོད་པའི་མདུན་སྐྱོད་སྒར་སར་ལོག་པ་དང་། བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་མདུན་སྐྱོད་སྒར་སར་སྣེ་ཤན་པ་3དང་། ས་གནས་དེ་གའི་ཁལ་ཕྱུགས་འདེད་མཁན་10 ཁལ་མ་1བཅས་བཏང་ནས་བསུས་ཤིང་། མིག་སྔར་ཉེན་གྱར་བ་དེ་ས་བབ་མཐོ་ཚད་སྨི་5200ཡོད་པའི་སྒར་ས་ཆེན་མོར་ཕྱིར་ལོག་བྱེད་བཞིན་ཡོད་པ་རེད།
     འདི་ནི་ཟླ་5ཚེས་22ཉིན་རོགས་སྐྱོབ་མི་སྣས་ཇོ་མོ་གླང་མའི་ས་བབ་མཐོ་ཚད་སྨི་7300ཙམ་ནས་ཉེན་གྱར་ཕྱིར་འཐེན་བྱེད་བཞིན་པ།