འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་27ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2019ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།  ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་24ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     (ལྔ།) ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལས་འགན་དང་ཞིབ་བསྡུར་བྱས་ཏེ་དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཅིག་གྱུར་འཆར་འགོད་ཀྱིས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བཀག་ནང་དབུལ་བྲལ་འགག་སྒྲོལ་གྱི་དམིགས་ཚད་དང་ཞིང་པའི་འཚོ་བ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཆུ་ཚད་དུ་སླེབས་པའི་འགན་ལེན་བྱེད་རྒྱུ།
     དབུལ་བྲལ་གནད་འཁེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་རྒྱུ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་”མངོན་འགྱུར་བྱེད་པར་འཕྲད་པའི་གནད་དོན་མངོན་གསལ་དོད་རིགས་གཙོ་གནད་དུ་ཐག་གཅོད་བྱེད་པ་དང་། “ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ་”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དབུལ་བྲལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། དམིགས་བསལ་དབུལ་ཕོངས་མི་འབོར་ལ་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ། དབུལ་བྲལ་ཕྱུག་འགྱུར་ནི་ཐོན་ལས་ཀྱི་འདེགས་སྐྱོར་དང་བྲལ་ཐབས་མེད་པས། དབུལ་ཕོངས་ས་ཁུལ་ལ་བཟང་ཆ་དམིགས་བསལ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རོགས་ཤུགས་ཆེན་བྱེད་རྒྱུ། དབུལ་ཕོངས་ས་ཁུལ་དུ་སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་ཞུགས་འགན་སྲུང་གི་ཆེད་དོན་བྱེད་སྒོ་སྤེལ་ཏེ། སློབ་མཚམས་འཇོག་ཚད་མངོན་གསལ་ཆག་པར་བྱེད་རྒྱུ། གཙོ་གནད་མཐོ་སློབ་ཀྱིས་གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་ཆེད་མངགས་བསྡུ་ཚད་མུ་མཐུད་མང་དུ་བཏང་སྟེ། མི་རབས་ནས་མི་རབས་བར་དབུལ་པོ་རིམ་བརྒྱུད་ཀྱི་རྩ་བ་འགོག་བཅོས་ཀྱི་སློབ་གསོ་གཏོང་ཐབས་འདི་ཡག་པོར་སྤྱོད་རྒྱུ། “ལོ་ལྔ་ཚན་བཅུ་གསུམ་པར་”ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཆར་འགོད་འཛུགས་སྐྲུན་གྱི་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཐུབ་པར་བྱས་ཏེ། རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དབུལ་ཞྭ་ཕུད་པའི་རྫོང་དང་དབུལ་བྲལ་མི་འབོར་སྐོར་གྱི་རོགས་སྐྱོར་སྲིད་ཇུས་དུས་མཚམས་ཤིག་གི་རིང་རྒྱུན་འཁྱོངས་བྱས་ཏེ་དབུལ་བྲལ་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ། དཔྱད་ཞིབ་ལྟ་སྐུལ་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་གི་དབུལ་བྲལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་གྲུབ་འབྲས་ཡག་པོར་སྤྱོད་རྒྱུ། དབུལ་བྲལ་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་ཇི་ཙམ་སླེབས་ཚེ་ལས་དོན་ཁག་དེ་ཙམ་གྱིས་དམ་འཛིན་ནན་པོ་དང་ཞིབ་ཚགས་བྱས་ནས་དབུལ་བྲལ་ལ་གྲུབ་འབྲས་དངོས་ཐོབ་པ་དང་། རྒྱུན་བསྲིང་ཐུབ་པ། ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་རྒྱུ།
     ཞིང་ལས་སྤྱི་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་དམ་འཛིན་ཡག་པོར་བྱེད་རྒྱུ། ཀྲུང་གོ་བ་དུང་ཕྱུར་14རུ་ཉེ་བའི་ལྟོ་ཕོར་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་པར་བྱེད་རྒྱུ། འབྲུ་རིགས་ཐོན་འབོར་བརྟན་པོ་ཡོང་བར་བྱས་ནས་སྣ་ཁའི་གྲུབ་ཚུལ་ཇེ་བཟང་དུ་གཏོང་བ་དང་། ཞིང་ལས་ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་8000ཡན་མང་དུ་གཏོང་རྒྱུ། ཕག་པ་སོགས་ཕྱུགས་ཟོག་དང་ཁྱིམ་བྱ་ཐོན་སྐྱེད་བརྟན་པོ་ཡོང་བ་དང་། ཨ་ཧྥེ་རི་ཁའི་ཕག་པའི་ནད་ཡམས་སོགས་རིམས་ནད་འགོག་ཟོན་ཡག་པོར་བྱེད་རྒྱུ། ཞིང་ལས་ཚན་རྩལ་སྒྱུར་བཅོས་གསར་གཏོད་མགྱོགས་སུ་བཏང་ནས། དེང་རབས་ཀྱི་འདེབས་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་དང་། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་སྲུང་སྐྱོང་གི་ལས་གྲྭ་ལག་ལེན་བསྟར་ནས། ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་སྐུལ་འདེད་གཏོང་རྒྱུ། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སོགས་གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་བྱས་ཏེ་ཞིང་དུད་ཆུང་གྲས་ལ་ཕྱོགས་པའི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་། གཞི་ཁྱོན་ལྡན་པའི་གཉེར་སྐྱོང་རྣམ་པ་སྣ་ཚོགས་འཕེལ་རྒྱས་གཏོང་རྒྱུ། ཐོན་ཁུལ་གཙོ་བོར་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཀྱི་རོགས་སྐྱོར་བྱ་རྒྱུ། ཕ་ཡུལ་དུ་ལོག་ནས་ལས་གཏོད་གསར་གཏོད་བྱེད་པར་རྒྱབ་སྐྱོར་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱེད་རྒྱུ།  རྫོང་ཁོངས་ཀྱི་དཔལ་འབྱོར་རྒྱ་སྐྱེད་རྒྱུ། གླ་པ་རྒྱུག་པ་ལས་བྱུང་བའི་ཡོང་འབབ་ནི་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་གཞི་གཙོ་བོ་རེད། ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་གཏོང་བའི་གནད་དོན་རྩ་བ་ནས་བཅོས་སྐྱོང་བྱས་ཏེ། ཆེད་དམིགས་སྲིད་འཛིན་ཁྲིམས་སྲོལ་གང་མགྱོགས་བཟོས་ནས།  དཀའ་ལས་བརྒྱབ་ཅིང་རྔུལ་ཆུ་འདོན་མཁན་ཞིང་པ་ལས་མིར་ཐོབ་ཆ་དགོས་ངེས་དུས་བཀག་བཞིན་རག་པའི་འགན་ལེན་ཏན་ཏིག་བྱེད་རྒྱུ།
     གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། འཛུགས་སྐྲུན་འཆར་འགོད་ཚན་རིག་དང་མཐུན་པར་བཟོ་འགོད་དང་ལག་བསྟར་བྱས་ནས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཤུགས་ཆེན་བྱེད་རྒྱུ། གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་བརྟན་པོ་དང་ཇེ་བཟང་དུ་གཏོང་བའི་ལས་གྲྭ་མགྱོགས་མྱུར་ལག་ལེན་བསྟར་ཏེ། ད་ལོ་དང་སང་ལོ་གཉིས་ཀྱི་རིང་འཐུང་ཆུ་དཀའ་ངལ་ཡོད་པའི་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་མི་འབོར་ཁྲི་6000ལ་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་མཐོ་རུ་གཏོང་རྒྱུ། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལེགས་སྒྲུབ་བྱེད་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20གསར་སྐྲུན་དང་བཅོས་སྐྲུན་བྱེད་རྒྱུ། གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་ལེགས་བཅོས་མུ་མཐུད་ནས་བྱེད་རྒྱུ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་པ་གནས་ཡུལ་གྱི་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང་“གསང་སྤྱོད་གསར་བརྗེ་”དང་། གད་སྙིགས་དང་ཆུ་སྙིགས་བཅོས་སྐྱོང་ཐུབ་པར་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་རྒྱུ།
     གྲོང་གསེབ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྒྱུ། གྲོང་གསེབ་ཀྱི་ས་ཞིང་གཞུང་བསྡུ་དང་། མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་ལྡན་པའི་འཛུགས་སྐྲུན་ས་ཆ་ཚོང་རར་འདོན་པ་དང་། ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱས་འབྲས་ཁྱབ་གདལ་གཏོང་རྒྱུ། མཉམ་སྡེབ་ཀྱི་རྒྱུ་ནོར་བདག་དབང་དང་། མཉམ་སྡེབ་ཀྱི་ནགས་དབང་། གཞུང་དབང་ནགས་ཁུལ་དང་ནགས་ར། ཞིང་ལས་གསར་སྦོལ། མཁོ་ཚོང་ཁང་སོགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་གི་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲུ་རིགས་ཀྱི་རིན་གོང་ཚོང་ར་ཅན་དུ་འགྱུར་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་སྒྱུར་བཅོས་ཚོད་ལྟ་རྒྱ་སྐྱེད། གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་གསར་གཏོད་དང་དེར་ཤུགས་སྣོན། གྲོང་གསེབ་སྒྱུར་བཅོས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ་བཅས་བྱས་པར་བརྟེན་རྒྱ་ཁྱོན་ཆེ་བའི་གྲོང་གསེབ་ཏུ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་རྒྱས་ངེས་རེད།
     (དྲུག)  ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་འབྲེལ་ཡོད་ལམ་སྲོལ་དང་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་།  མ་མཐའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་སྐུལ་སྤེལ་བཏང་ནས། ས་ཁོངས་ཀྱི་བཟང་ཆ་ཕན་ཚུན་གསབ་རེས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ།
     ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ། ནུབ་རྒྱུད་གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་དང་བྱེད་ཐབས་གསར་པ་བཟོས་ཏེ། ནུབ་རྒྱུད་ས་ཁུལ་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དུས་བཀག་གཙང་ཡང་མུ་མཐུད་ལག་ལེན་བསྟར་རྒྱུ། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་དང་། དབུས་རྒྱུད་ས་ཁུལ་དར་འཕེལ། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་ཡོང་བ་བཅས་བྱེད་པའི་སྒྱུར་བཅོས་གསར་གཏོད་བྱེད་ཐབས་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། པེ་ཅིན་ཐེན་ཅིན་ཧོ་པེ་ས་ཁུལ་གསུམ་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་གཙོ་གནད་ནི་པེ་ཅིན་གྱི་རྒྱལ་སའི་བྱེད་ནུས་མིན་རིགས་ཁ་འགྲེམས་དང་། ཚད་གཞི་མཐོན་པོའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་དགོས། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་དོན་འཁྱོལ་དང་། ལམ་སྲོལ་མཐུད་སྦྲེལ་ལ་སྐུལ་འདེད།  ཐོན་སྐྱེད་རྒྱུ་ཆ་འཁོར་རྒྱུག་དང་མི་སྣ་འགྲོ་འོང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་སྤེལ་བཅས་བྱེད་རྒྱུ་དེ་རེད། འབྲི་ཆུའི་ཟུར་གསུམ་ས་ཁོངས་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་རྒྱལ་ཁབ་ཀྱི་འཐབ་ཇུས་རིམ་པའི་ཐོག་འཇོག་རྒྱུ། འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་བཟོ་བ་དང་ལག་ལེན་བསྟར་རྒྱུ་རེད།  འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ཐད་སྟོད་རྒྱུད་དབུས་རྒྱུད་སྨད་རྒྱུད་གསུམ་མཐུན་སྦྱོར་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་རྒྱུད་གཏོད་རྒྱུ། ཐོན་ཁུངས་ཅན་གྱི་ས་ཁུལ་དཔལ་འབྱོར་གཞན་སྒྱུར་ལ་རྒྱབ་སྐྱོར་བྱ་རྒྱུ།  གསར་བརྗེའི་གནས་ཪྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་འཕེལ་རྒྱས་ཞན་ཆ་མགྱོགས་མྱུར་གསབ་རྒྱུ།   མཚོ་ཐོག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དང་།  མཚོ་རྒྱུད་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ།
     གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། ལྟེ་བའི་གྲོང་ཁྱེར་གྱིས་གྲོང་ཁྱེར་ཁྱུ་ཚོགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ།  ཞིང་ལས་སྤོ་སྒྱུར་མི་འབོར་གཞིས་ཆགས་དམ་འཛིན་ཡག་པོར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་སྤྱི་པའི་ཞབས་ཞུ་རྒྱུན་སྡོད་མི་འབོར་ལ་ཁྱབ་པར་བྱེད་རྒྱུ། མང་ཚོགས་ཀྱི་སྡོད་ཁང་དཀའ་ངལ་སྔར་ལས་ཡག་པོར་སེལ་བ་དང་།  གྲོང་ཁྱེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ། སྡོད་ཁང་ཚོང་རའི་མ་ལག་དང་འགན་སྲུང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ས་ཁང་བདག་དབང་གི་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ།  འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཐེབས་ཆག་ཁུལ་སྒྱུར་བཅོས་མུ་མཐུད་སྐུལ་འདེད་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་སྡོད་ཁང་གི་དགོས་མཁོ་འགན་སྲུང་བྱེད་རྒྱུ། ས་འོག་གི་ཕྱོགས་བསྡུས་དོང་ལམ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་སྤེལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་ཪྙིང་རིགས་འབོར་ཆེ་ཞིང་རྒྱ་ཁྱོན་ཆེ་བས། སྒྱུར་བཀོད་རིམ་སྤར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།  ཆུ་གློག་ལམ་གསུམ་དང་སོལ་རླངས་སོགས་པའི་སྒྲིག་བཀོད་ཆ་འགྲིག་གསར་སྒྱུར་བྱེད་རྒྱུ།  གློག་སྐས་སྒྲིག་སྣོན་དང་། བཀག་ཆ་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། མི་དམངས་སྟབས་བདེའི་ཚོང་ར་དང་། སྟབས་བདེའི་ཚོང་ཁང་། རྐང་ཐང་ཁྲོམ་གཞུང་། རླངས་འཁོར་འཇོག་ས་སོགས་པའི་འཚོ་བའི་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱིས་གང་ས་ཅི་ཐད་ནས་མི་རྩ་བར་འཛིན་པ་དང་། མཉེན་གཤིས་ཅན་གྱི་བཅོས་སྐྱོང་བྱེད་ཚད་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་སྒྲུབ་ཚད་མཐོ་རུ་བཏང་ནས་གྲོང་ཁྱེར་སྔར་བས་སྡོད་ཉམས་སྤྲོ་བ་དང་། སྔར་བས་ཁོང་ཡངས་དང་མི་ཆོས་ཀྱི་སེམས་ཁུར་དང་ལྡན་པར་བྱེད་རྒྱུ།
     (བདུན།) སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ།  ལྗང་མདོག་འཕེལ་རྒྱས་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པའི་བླང་བྱ་དགོས་ངེས་དང་བཙོག་སྐྱོན་སེལ་བའི་གཞི་རྩའི་ཐབས་ཇུས་རེད། འབྲེལ་ཡོད་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ།
     སྦགས་བཙོག་འགོག་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ། ཨ་སྔོན་ནམ་མཁའ་སྲུང་བའི་གྲུབ་འབྲས་སྲ་བརྟན་རྒྱ་ཆེར་གཏོང་དགོས་པ་དང་། ད་ལོ་དབྱང་གཉིས་མུ་ཟིའི་འགྱུར་རྫས་དང་ཏཱན་དབྱང་འགྱུར་རྫས་འབུད་ཚད་3%ཆག་པ་དང་། གཙོ་གནད་ས་ཁུལ་གྱི་ཕྲ་རྡུལ་(PM2.5)མཐུག་ཚད་མུ་མཐུད་ཆག་ཐུབ་པར་བྱེད་རྒྱུ། པེ་ཅིན་ཐེན་ཅིན་ཧོ་པེ་ས་ཁུལ་གསུམ་དང་དེའི་ཉེ་སྐོར་དང་། འབྲི་ཆུའི་ཟུར་གསུམ། ཧྥེན་ཝེའི་བདེ་ཐང་བཅས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་འགག་སྒྲོལ་རྒྱུན་མཐུད་བྱེད་རྒྱུ་དང་། བཟོ་ལས་དང་། རྡོ་སོལ། འཕྲུལ་སྒུལ་འཁོར་རིགས་བཅས་ཀྱི་སྦགས་བཙོག་འབྱུང་གཞི་ཆེན་པོ་གསུམ་བཅོས་སྐྱོང་བྱེད་རྒྱུ། བྱང་ཕྱོགས་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་དྲོད་ལེན་ལས་དོན་ཡག་པོར་བསྒྲུབས་ནས་མང་ཚོགས་དྲོ་པོའི་ངང་དགུན་ཁ་འཁྱོལ་ཐུབ་པའི་འགན་ལེན་བྱེད་རྒྱུ། ཆུ་དང་ས་རྒྱུ་སོགས་པའི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ད་ལོ་རྫས་འགྱུར་གྱི་གསོ་རླུང་མཁོ་ཚད་དང་། ཨན་ཏཱན་ཕྱིར་འབུད་བྱེད་ཚད་2%ཆག་པར་བྱེད་རྒྱུ། བཙོག་ཆུ་དྲི་ངད་ཅན་བཅོས་སྐྱོང་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་བྱས་ཏེ། འབབ་རྒྱུད་གཙོ་གནད་དང་ཆུ་ངོགས་ཉེ་འགྲམ་གྱི་མཚོ་ཁོངས་ཕྱོགས་བསྡུས་ཀྱིས་ལེགས་སྒྲིག་ཉམས་གསོ་བྱེད་རྒྱུ། སྲ་གཟུགས་སྙིགས་རོ་དང་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེ་གཙང་སེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚད་འཕྲི་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་སུ་འགྱུར་བར་བྱ་རྒྱུ་དང་། སྦགས་བཙོག་འགོག་བཅོས་ཀྱི་ཚན་རྩལ་གལ་ཆེན་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁེ་ལས་ནི་སྦགས་བཙོག་འགོག་བཅོས་ཀྱི་བྱེད་པོ་ཡིན་པའི་ཆ་ནས། ཁོར་ཡུག་སྲུང་བའི་འགན་འཁྲི་ངེས་པར་ཁྲིམས་ལྟར་བསྒྲུབ་དགོས། ཁོར་ཡུག་བཅོས་སྐྱོང་བྱེད་ཐབས་སྒྱུར་བཅོས་གསར་གཏོད་དང་། ཁེ་ལས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལྟ་སྐུལ་དོ་དམ་བྱེད་པ་མ་ཟད། ལུགས་མཐུན་གྱི་རེ་འདུན་ལ་མཐོང་ཆེན་དང་། རོགས་སྐྱོར་མཛུབ་ཁྲིད་བྱེད་ཤུགས་ཀྱང་ཆེ་རུ་གཏོང་རྒྱུ་དང་། དམིགས་ཚད་ལོན་དགོས་པ་དང་དག་ཐེར་བྱེད་དགོས་རིགས་ལ་བར་བརྒལ་བྱེད་ཡུན་འཚམ་པོ་སྤྲད་དེ་ཐག་གཅོད་བྱེད་ཐབས་སྟབས་བདེ་རྩུབ་སྤྱོད་རིགས་དང་བཙན་འགོག་བྱེད་རིགས་མི་ཐོན་པར་བྱེད་རྒྱུ། ཁེ་ལས་ལ་ནང་ཁུལ་གྱི་སྒུལ་ཤུགས་དང་གཏིང་གི་སྒུལ་ཤུགས་ལྡན་ན། སྦགས་བཙོག་འགོག་བཅོས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་ངེས་རེད།
     ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་སྟོབས་ཆེར་གཏོང་རྒྱུ། འབྱུང་ཁུངས་ནས་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། མེ་གློག་དང་། ངར་ལྕགས་ལས་རིགས་ཕྱིར་འབུད་ཉུང་བའི་སྒྱུར་བཀོད་མགྱོགས་སུ་བཏང་སྟེ་སྦགས་བཙོག་ཚབས་ཆེའི་ལས་རིགས་དམིགས་ཚད་ལོན་པའི་ཕྱིར་འབུད་སྒྱུར་བཀོད་བྱེད་རྒྱུ། ནུས་ཁུངས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་བཟང་སྒྱུར་བྱས་ཏེ། རྡོ་སོལ་ནུས་རྒྱུ་གཙང་མར་སྤྱོད་པའི་སྐུལ་འདེད་གཏོང་བ་དང་། སོལ་རླངས་འདོན་སྤྲོད་གསོག་འཚོང་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བསྐྱར་སྐྱེས་ནུས་ཁུངས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱེད་རྒྱུ། རླུང་དང་། འོད། ཆུ་གློག་བཅས་བསྡུ་ཉར་གཙང་སེལ་གྱི་གནད་དོན་གང་མགྱོགས་ཐག་གཅོད་བྱེད་རྒྱུ། གྲོང་ཁྱེར་གྱི་ཆུ་སྙིགས་སྦུབས་ལམ་དང་གཙང་བཟོའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཐོན་ཁུངས་གྲོན་ཆུང་ཐོག་ནས་ལེགས་བསྡུས་ཞིབ་གཉེར་དང་རྒྱུན་འཁོར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་བཟོ་སྐྲུན་དང་ལྗང་མདོག་མྱུར་སྐྱེལ་ཐུམ་སྒྲིལ་ཁྱབ་སྤེལ་བྱེད་རྒྱུ། ཁོར་ཡུག་དཔལ་འབྱོར་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྦགས་བཙོག་འབུད་དབང་ཉོ་འཚོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྗང་མདོག་དངུལ་རྩ་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ཆེད་ལས་ཅན་གྱི་ཁོར་ཡུག་སྲུང་སྐྱོང་གི་རྐང་འཛིན་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ།
     སྐྱེ་ཁམས་མ་ལག་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རི་ཆུ་ནགས་དང་ཞིང་མཚེའུ་རྩྭ་སོགས་པའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་བསྟུད་མར་དམ་འཛིན་དང་། ས་རྒོད་ཅན་དུ་འགྱུར་ཚུལ་དང་། བྱེ་རྡོ་ཅན་དུ་འགྱུར་ཚུལ། ས་ཆུ་ཤོར་ཚུལ་བཅས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་དོར་ནགས་གསོ་རྩྭ་འདེབས་འདམ་གསོ་བཅས་མུ་མཐུད་བྱེད་རྒྱུ། རྒྱལ་ཁབ་ཀྱི་སྤྱི་གླིང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྗང་མདོག་འཕེལ་རྒྱས་གཏོང་འགན་ཚང་མར་ཡོད་ཅིང་། བྱ་སྤྱོད་སྤེལ་རྒྱུ་གནད་ཀ་ཡིན་པས། མཐའ་འཁྱོངས་བྱས་ན་ལེགས་གྲུབ་ཡོང་ཐུབ། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་མི་དམངས་མང་ཚོགས་ལ་མཛེས་ལྡུག་ལྡན་ཞིང་གནས་ཟོས་བདེ་བའི་ཁོར་ཡུག་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན།
     (བརྒྱད།)  གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ། ཚོང་རའི་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་རྒྱུ། མངོན་གསལ་ཆེ་བའི་འགལ་ཟླ་དང་འགག་རྩའི་ལྷུ་ཚིགས་ལ་རྩེ་གཅིག་ཏུ་བསམས་ཏེ། འབྲེལ་ཡོད་སྒྱུར་བཅོས་ཟབ་སྤེལ་ལ་སྐུལ་སྤེལ་གཏོང་བ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འདོན་གང་ཐུབ་བྱེད་རྒྱུ།
     གཞུང་དབང་མ་རྩ་དང་ཁེ་ལས་སྒྱུར་བཅོས་མགྱོགས་སུ་གཏོང་རྒྱུ། གཞུང་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞུང་དབང་མ་རྩའི་དངུལ་འཇོག་དང་། གཉེར་སྐྱོང་ཀུང་སི་སྒྱུར་བཅོས་ཚོད་ལྟར་སྐུལ་འདེད་བཏང་ནས་གཞུང་དབང་རྒྱུ་ནོར་གྱི་རིན་ཐང་སྲུང་འཕར་ལ་སྐུལ་འདེད་གཏོང་རྒྱུ། དབང་བའི་ལམ་ལུགས་འདྲེས་མ་སྒྱུར་བཅོས་དགེ་མཚན་ལྡན་ཞིང་བརྟན་པོར་བྱེད་རྒྱུ། ཀུང་སི་བཅོས་སྐྱོང་གི་གྲུབ་ཚུལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་ར་ཅན་གྱི་གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཆེད་ལས་སྤྱི་གཉེར་པ་སོགས་ཀྱི་ལམ་ལུགས་གསར་འཛུགས་བྱེད་རྒྱུ། “རོ་རེངས་ཁེ་ལས་”ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ། གློག་ཤུགས་དང་། སྣུམ་རླངས། ལྕགས་ལམ་སོགས་པའི་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རང་བྱུང་སྒེར་སྡེམ་ལས་རིགས་ཀྱིས་ལས་རིགས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ཏེ་དྲ་གཉེར་ལོགས་སུ་དབྱེ་ནས་འགྲན་རྩོད་རང་བཞིན་གྱི་ལས་སྒོ་ཕྱོགས་ཡོངས་ནས་ཚོང་རར་ཁྱབ་གདལ་གཏོང་རྒྱུ། གཞུང་དབང་ཁེ་ལས་ཀྱིས་སྒྱུར་བཅོས་གསར་གཏོད་དང་། རང་སྟོབས་རང་རྒྱས་བྱེད་པར་བརྟེན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ལྟེ་བའི་འགྲན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།
     ནུས་སྟོབས་ཆེན་པོ་བཏོན་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་”མཐའ་འཁྱོངས་བྱས་ནས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་རྒྱུ། འགྲན་རྩོད་འཁྱོག་བྲལ་གྱི་རྩ་དོན་ལ་གཞིགས་ཏེ་རྒྱུ་རྐྱེན་གཙོ་བོ་ཐོབ་པ་དང་། བཅུག་འཐུས། གཉེར་སྐྱོང་འཁོར་སྐྱོད། སྲིད་གཞུང་གི་ཉོ་སྒྲུབ་དང་སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན་སོགས་པའི་ཐད། དབང་བའི་ལམ་ལུགས་ཀྱི་ཁེ་ལས་རིགས་ཁག་ལ་ལྟ་སྟངས་འདྲ་མཉམ་འཛིན་རྒྱུ། སྲིད་ཚོང་བར་དུ་ཉེ་གཙང་འབྲེལ་བ་གསར་པ་འཛུགས་པ་དང་། སྲིད་ཁེ་འབྲེལ་གཏུག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཁེ་ལས་མཁས་པའི་ཧུར་སེམས་སྐྱེད་པར་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གོང་སྤེལ་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། རྒྱུ་ནོར་བདག་དབང་སྲུང་སྐྱོང་བློ་བརྟན་འགྱུར་མེད་ངང་ནས་བྱེད་རྒྱུ་དང་།  དབང་གནོད་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། གྱོད་གཞི་ནོར་འཁྲུལ་ཅན་དང་ཉེས་མེད་ཉེས་འགེལ་གྱི་གྱོད་གཞི་ནོར་འཁྲུལ་ཅན་ཡོད་ན་ངེས་པར་ཡོ་བསྲང་བྱེད་རྒྱུ། ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་སྐྲུན་གང་ཐུབ་བྱས་ཏེ་ཁེ་ལས་མཁས་པར་བློ་བདེའི་ངང་ནས་གཉེར་སྐྱོང་དང་ཁེ་ལས་འཛུགས་གཉེར་བྱེད་དུ་འཇུག་རྒྱུ། 
     ནོར་ཁྲལ་དངུལ་རྩའི་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། སྔོན་རྩིས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་རྩིས་ཀྱི་བྱས་འབྲས་ལ་ཕྱོགས་ཡོངས་ནས་དོ་དམ་བྱེད་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འགན་དབང་དང་གཏོང་སྒོའི་འགན་འཁྲི་གསལ་འབྱེད་སྒྱུར་བཅོས་ཟབ་སྤེལ་བྱེད་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་སྒོའི་དབྱེ་བ་སྒྱུར་བཅོས་བྱེད་རྒྱུ་དང་། གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ས་ཁང་བདག་དབང་གི་དཔྱ་ཁྲལ་ཁྲིམས་འཛུགས་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ། ས་གནས་སྲིད་གཞུང་གི་བུན་ལེན་དངུལ་བསྡུའི་ལམ་སྲོལ་ཚད་ལྡན་དུ་གཏོང་རྒྱུ། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་སྟོན་ཕྱོགས་སུ་བྱེད་རྒྱུ་དང་། དངུལ་རྩའི་མ་ལག་གྲུབ་ཆ་སྒྱུར་བཅོས་དང་ལེགས་འགྱུར་བྱས་ནས་དམངས་གཉེར་དངུལ་ཁང་དང་སྡེ་ཁུལ་གྱི་དངུལ་ཁང་འཕེལ་རྒྱས་གཏོང་རྒྱུ།  མ་རྩའི་ཚོང་རའི་རྨང་གཞིའི་ལམ་ལུགས་སྒྱུར་བཅོས་དང་ལེགས་སུ་བཏང་སྟེ་རིམ་པ་མང་བའི་མ་རྩའི་ཚོང་ར་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་བྱས་ནས་ཐད་ཀར་མ་དངུལ་བསྡུ་རུབ་དང་ལྷག་པར་དུ་རྐང་དབང་མ་རྩ་བསྡུ་རུབ་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ། འགན་བཅོལ་ལས་རིགས་ཀྱི་ཉམས་ཉེན་འགན་ལེན་བྱེད་ནུས་ཆེ་རུ་གཏོང་རྒྱུ། དངུལ་རྩའི་ཉམས་ཉེན་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་སེལ་ཐབས་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་རྒྱལ་གྱི་ནོར་སྲིད་དངུལ་རྩའི་མ་ལག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། སྲིད་ཇུས་དང་བྱེད་ཐབས་སྤྱད་ཆོག་པ་མང་བས་རྒྱུད་རིམ་ལྡན་པའི་ཉེན་ཁ་མི་ཐོན་པའི་གཞི་ཐིག་རྦད་དེ་སྲུང་ཐུབ་པ་ང་ཚོར་གདེང་ཚོད་ཡོད།
     (དགུ།)  ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་རྒྱུ། སྒོ་འབྱེད་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། སྒོ་འབྱེད་ཀྱི་བཀོད་པ་ལེགས་སུ་བཏང་སྟེ་ཚོང་ཟོག་དང་གཞི་རྒྱུ་འཁོར་རྒྱུག་ཚུལ་དུ་སྒོ་འབྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། སྒྲིག་སྲོལ་སོགས་པའི་ལམ་ལུགས་ཅན་དུ་སྒོ་འབྱེད་པར་སྔར་བས་མཐོང་ཆེན་བྱས་ཏེ། ཆུ་ཚད་མཐོན་པོར་བརྟེན་ནས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་སྤེལ་རྒྱུ།
     ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ཚད་ལེགས་སུ་འགྲོ་བར་བྱེད་རྒྱུ། ཕྱིར་གཏོང་ཚོང་ར་སྣ་མང་ཅན་དུ་སྐུལ་འདེད་གཏོང་རྒྱུ། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ།  རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་ར་སོགས་པའི་ལས་རྣམ་གསར་པར་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ།   ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  ལས་སྣོན་གྱི་ཉོ་ཚོང་རིགས་སྒྱུར་རིམ་པ་སྤོར་རྒྱུའི་ཁྲིད་སྟོན་བྱས་ཏེ་དབུས་ནུབ་རྒྱུད་དུ་སྤོ་སྒྱུར་བྱས་ནས།  ཕྱོགས་བསྡུས་དཔྱ་ཁྲལ་འགན་ལེན་ཁུལ་གྱི་ནུས་པ་འདོན་སྤེལ་ཡག་པོར་བྱེད་རྒྱུ། ནང་འདྲེན་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ།  ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཡག་པོར་གཉེར་ནས། འགག་སྒོ་སྒྲོལ་བདེ་ཡོང་ཚད་གང་མགྱོགས་ཆེ་རུ་གཏོང་རྒྱུ།
     ཕྱི་རྒྱལ་གྱི་མ་དངུལ་འདྲེན་འགུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།   ཚོང་རར་བཅུག་འཐུས་ཇེ་ལྷུག་ཏུ་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་བཅུག་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ་ཇེ་ཐུང་ཇེ་ཉུང་དུ་གཏོང་བ་དང་།   ཁྱབ་ཁོངས་སྔར་ལས་མང་པོར་ཕྱི་རྒྱལ་གྱི་མ་དངུལ་དང་མ་དངུལ་ཁེར་འཇོག་གིས་གཉེར་སྐྱོང་བྱས་ཆོག་པར་བྱེད་རྒྱུ། དངུལ་རྩ་སོགས་པའི་ལས་རིགས་སྒྱུར་བཅོས་སྒོ་འབྱེད་ཀྱི་ཇུས་ཐབས་དོན་འཁྱོལ་བྱེད་པ་དང་། བུན་འཛིན་ཚོང་ར་སྒོ་འབྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ།  རྒྱལ་སྤྱིའི་སྤྱི་འགྲོས་ཀྱི་དཔལ་འབྱོར་ཉོ་ཚོང་ལམ་སྲོལ་དང་འབྲེལ་མཐུད་ཇེ་མགྱོགས་གཏོང་རྒྱུ་དང་།  སྲིད་ཇུས་ཀྱི་གསལ་ཚད་དང་ལག་བསྟར་གཅིག་མཐུན་བྱེད་ཚད་ཆེ་རུ་བཏང་སྟེ།   རྒྱལ་ཕྱི་རྒྱལ་ནང་གི་ཁེ་ལས་རྣམས་ལ་ཉེ་རིང་མེད་པར་འགྲན་རྩོད་དྲང་སྙོམས་ཀྱི་ཚོང་རའི་ཁོར་ཡུག་དྲང་གཞག་བསྐྲུན་རྒྱུ།  ཕྱི་རྒྱལ་ཚོང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་མོས་ཉོ་ཚོང་ཁུལ་ལ་སྒྱུར་བཅོས་གསར་གཏོད་ཀྱི་རང་བདག་དབང་ཆ་ཇེ་ཆེར་སྤྲད་དེ་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གསར་དུ་ཁུལ་གསར་ཇེ་མང་དུ་གཏོང་རྒྱུ་དང་། ཧའེ་ནན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་འཚོལ་ཞིབ་བྱེད་རྒྱུ། རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་དང་། ལག་རྩལ་མཐོ་གསར་ཁུལ། ཁུལ་གསར་བཅས་ཀྱིས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་འབྲེལ་ཡོད་སྒྱུར་བཅོས་ཚོད་ལྟར་རྒྱབ་སྐྱོར་བྱེད་པ་དང་། འཕྲོ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་སྒྱུར་བཅོས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་བསྐྲུན་རྒྱུ། ཀྲུང་གོའི་དངུལ་འཇོག་ཁོར་ཡུག་ཇེ་ལེགས་སུ་འགྲོ་ངེས་དང་། ཀྲུང་གོར་གནས་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཇེ་མང་དུ་འགྲོ་ངེས་རེད།
     “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་མཐའ་འཁྱོངས་བྱེད་པ་དང་། ཚོང་རའི་རྩ་དོན་དང་རྒྱལ་སྤྱིའི་སྤྱི་འགྲོས་སྒྲིག་ལམ་བརྩི་སྲུང་། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕུང་གསུམ་པ་དང་ཚོང་རའི་མཉམ་ལས་བྱེད་རྒྱ་སྐྱེད་རྒྱུ།  སྐབས་གཉིས་པའི་“རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཡག་པོར་གཉེར་རྒྱུ། ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་མཉམ་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་བྱེད་རྒྱུ།
     ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་བྱེད་རྒྱུ། ཀྲུང་གོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་བྱེད་པར་ཧུར་ཐག་ཞུགས་རྒྱུ་ཡིན། ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་འཕྲིན་སྦྲེལ་ཇེ་མགྱོགས་བཙུགས་ཏེ་ས་ཁོངས་ཕྱོགས་ཡོངས་ནས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་དང་། ཀྲུང་ལྗར་དང་ཁོ་རེ་ཡ་ལྷོ་མའི་རང་མོས་ཉོ་ཚོང་ཁུལ། ཀྲུང་གོ་དང་ཡོ་རོབ་ཀྱི་དངུལ་འཇོག་གྲོས་མཐུན་གྲོས་མོལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོ་ཨ་རིའི་བར་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་གཉིས་ཕན་མཉམ་ལས་དང་། མཉམ་ཁེ་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་གྲོས་མོལ་ཐོག་ནས་ཚོང་དོན་རྩོད་གཞི་སེལ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ང་ཚོས་སྒྲུབ་ཁས་བླངས་རིགས་ལག་བསྟར་ནན་ཏན་བྱས་ཏེ། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། 
【1】  【2】  【3】  【4】  【5】  【6】  【7】  【8】