འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་27ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2019ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།  ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་24ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     གསུམ། 2019ལོའི་སྲིད་གཞུང་གི་ལས་འགན།
     ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྗིད་ལ་འགྲན་སློང་མང་བ་དང་བླང་བྱ་མཐོན་པོ་རེད། ང་ཚོས་གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་བྱས་ཏེ་ལས་དོན་ཁག་དངོས་གནས་ལེགས་པོར་བསྒྲུབ་རྒྱུ་ཡིན།
     (གཅིག)  སྤྱི་ཁོག་སྙོམ་སྒྲིག་མུ་མཐུད་ནས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་བར་སྟོང་དུ་འགན་ལེན་བྱེད་རྒྱུ། ཚོང་ར་ཅན་དང་། སྒྱུར་བཅོས་ཀྱི་བསམ་བློ་དང་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བ་མཐའ་འཁྱོངས་དང་། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལས་ཟློག་པའི་སྙོམ་སྒྲིག་གི་ནུས་པ་འདོན་སྤེལ་ཡག་པོར་བྱེད་པ། ནོར་སྲིད་དང་། དངུལ་ལོར། ལས་ཞུགས་བཅས་ཀྱི་སྲིད་ཇུས་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་བ་དང་བབ་བསྟུན་ཐོག་སྤྱད་དེ། སྙོམ་སྒྲིག་གི་རྒྱང་ལྟའི་རང་བཞིན་དང་། དམིགས་གཏད་རང་བཞིན། ཕན་ལྡན་རང་བཞིན་བཅས་ཆེ་རུ་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་མཐུན་རྐྱེན་བསྐྲུན་རྒྱུ།
     གཞི་ཁྱོན་ཆེ་བའི་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུ། ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་གཅོག་པ་དང་གྲུབ་ཚུལ་རང་བཞིན་གྱི་དཔྱ་ཁྲལ་མཉམ་གཅོག་བྱས་ནས། བཟོ་སྐྲུན་ལས་རིགས་དང་ཁེ་ལས་ཆུང་ཕྲན་གྱི་དཔྱ་ཁྲལ་ཁུར་པོ་ཡང་དུ་གཏོང་བ་གཙོ་བོར་འཛིན་རྒྱུ། གནས་ཐང་འཕར་ཁྲལ་སྒྱུར་བཅོས་ཟབ་སྤེལ་བྱས་ནས། བཟོ་སྐྲུན་ལས་རིགས་སོགས་པའི་ལས་རིགས་ལ་ད་ལྟའི་ཁྲལ་ཚད་16%ནས་13%བར་གཅོག་རྒྱུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཨར་པོའི་ལས་རིགས་སོགས་པར་ད་ལྟའི་ཁྲལ་ཚད་10%ནས་9%བར་བཅག་ནས། ལས་རིགས་གཙོ་བོའི་དཔྱ་ཁྲལ་ཁུར་པོ་མངོན་གསལ་ཆག་པའི་འགན་ལེན་བྱེད་རྒྱུ། 6%རིམ་པའི་ཁྲལ་ཚད་ལ་འགྱུར་བ་མི་གཏོང་བར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ནའང་ཐོན་སྐྱེད་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུར་དཔྱ་ཁྲལ་ཚབ་འཐེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་པའི་བྱེད་ཐབས་ཆ་འགྲིག་སྤྱད་དེ་ལས་རིགས་ཡོངས་ཀྱི་དཔྱ་ཁྲལ་ཁུར་པོ་ཡང་དུ་གཏོང་བ་ལས་ལྕི་རུ་མི་གཏོང་བའི་འགན་ལེན་བྱས་ཏེ། ཁྲལ་ཚད་རིམ་པ་གསུམ་ནས་རིམ་པ་གཉིས་སུ་ཟླ་སྒྲིལ་བྱེད་པ་དང་། ཁྲལ་བསྡུའི་ལམ་ལུགས་སྟབས་བདེའི་ཕྱོགས་སུ་བགྲོད་པར་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ། ལོ་སྟོད་དུ་བཏོན་པའི་ཁེ་ལས་ཆུང་ཕྲན་གྱི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་གཅོག་པའི་སྲིད་ཇུས་དོན་འཁྱོལ་དམ་འཛིན་ཡག་པོར་བྱེད་རྒྱུ། ད་རེས་དཔྱ་ཁྲལ་གཅོག་དོན་ནི་“མཐུན་རྐྱེན་གསར་སྐྲུན་”དང་། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ་མ་ཟད་ནོར་སྲིད་རྒྱུན་མཐུད་ཐུབ་པར་ཡང་བསམ་གཞིག་བྱས་པ་དང་། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཚོང་རའི་གསོན་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་འགངས་ཆེན་ཡིན་པ། དཔྱ་ཁྲལ་ལམ་ལུགས་འཐུས་ཚང་དང་། ཡོང་འབབ་བགོ་བཤའི་ཆགས་སྟངས་བཟང་དུ་གཏོང་བའི་སྒྱུར་བཅོས་གལ་ཆེན་ཡིན་ཞིང་། སྤྱི་ཁོག་སྲིད་ཇུས་ཀྱིས་འཕེལ་རྒྱས་བརྟན་པོར་རོགས་སྐྱོར་དང་། ལས་ཞུགས་ལ་འགན་ལེན། གྲུབ་ཚུལ་ལེགས་སྒྲིག་བཅས་ཀྱི་གདམ་ག་འགངས་ཆེན་བཅས་རེད།
     ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་སྤྲོད་ཀྱི་ཁུར་པོ་མངོན་གསལ་ཡང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་མ་མཐའི་རྒན་གསོའི་འགན་བཅོལ་ཚན་པའི་གྲོན་དངུལ་སྤྲོད་པའི་བསྡུར་ཚད་ཆུང་དུ་གཏོང་བ་དང་། ས་ཁུལ་ཁག་གིས་16%བར་བཅག་ཆོག ད་ལྟའི་འཇལ་སྤྲོད་བྱེད་སྟངས་བརྟན་པོ་ཡོང་བར་བྱེད་རྒྱུ་དང་། ས་ཁུལ་ཁག་གིས་ཁྲལ་བསྡུའི་སྒྲིག་སྲོལ་སྒྱུར་བཅོས་བྱེད་རིམ་དུ། ཁེ་ལས་ཀྱི་འཇལ་སྤྲོད་བྱེད་གྲོན་གྱི་ཁུར་པོ་ལྕི་རུ་གཏོང་ཐབས་སྤྱད་མི་ཆོག་པ་དང་། ལོ་རྒྱུས་ཐོག་གི་ཆད་དངུལ་གཅིག་བསྡུས་ཐོག་རང་དགར་འཇལ་སྤྲོད་བྱེད་དུ་བཅུག་མི་ཆོག དུས་རིམ་རང་བཞིན་གྱི་ལས་ཤོར་དང་ལས་རྨས་ཀྱི་འགན་བཅོལ་གྲོན་དངུལ་འཇལ་ཚད་གཅོག་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ད་ལོ་ཁེ་ལས་སྤྱི་དང་ལྷག་པར་དུ་ཁེ་ལས་ཆུང་ཕྲན་གྱི་སྤྱི་ཚོགས་འགན་བཅོལ་བྱེད་གྲོན་འཇལ་བའི་ཁུར་པོ་ཅིས་ཀྱང་དོན་དམ་དུ་ཆག་པར་བྱེད་རྒྱུ་དང་། རྒན་གསོའི་འགན་བཅོལ་ཞིང་ཆེན་རིམ་པ་གཅིག་གྱུར་འཆར་འགོད་བྱེད་པའི་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཁེ་ལས་ཀྱི་ལས་བཟོ་པའི་མ་མཐའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་བསྡུར་ཚད་མུ་མཐུད་ཇེ་མཐོར་གཏོང་རྒྱུ། གཞུང་དབང་མ་རྩའི་ཆ་ཤས་འཐེན་སྒྱུར་བྱས་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་རྒྱག་རྒྱུ། ང་ཚོས་ཁེ་ལས་ཀྱི་ཁྲལ་གྲོན་འཇལ་བའི་ཁུར་པོ་ཡང་དུ་གཏོང་རྒྱུ་ཡིན་ལ། ལས་བཟོ་པའི་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལའང་ཤུགས་རྐྱེན་མི་ཐེབས་པར་བྱེད་རྒྱུ་དང་། རྒན་གསོའི་འཚོ་དངུལ་ཚུལ་མཐུན་ལྟར་སྤོར་རྒྱུ་མ་ཟད། དུས་ཐོག་ཏུ་འདང་ངེས་སྤྲོད་པའི་འགན་སྲུང་ཡང་བྱས་ཏེ། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་རྒྱུན་མཐུད་ཐུབ་པ་དང་། ཁེ་ལས་དང་ལས་བཟོ་པར་ཕན་ཁེ་གཅིག་མཚུངས་རག་པར་བྱེད་རྒྱུ་ཡིན།
     ཁྲལ་གྲོན་གཅོག་རྒྱུ་དོན་ཐོག་ཏུ་གནད་འཁེལ་ཐུབ་པའི་འགན་ལེན་བྱེད་རྒྱུ། ཁྲལ་གྲོན་གཅོག་པ་ནི་དེང་དུས་ཀྱི་ཚོང་རའི་བྱེད་པོའི་ཞན་ཆ་དང་དཀའ་གནད་ལ་བསྟུན་པ་ཡིན་པས། དྲང་གཞག་ཡིན་ལ་ཕན་གོ་ཡང་ཆོད་པའི་སྲིད་ཇུས་རེད། ལོ་ཧྲིལ་པོར་ཁེ་ལས་ཀྱི་དཔྱ་ཁྲལ་དང་སྤྱི་ཚོགས་འགན་བཅོལ་བྱེད་གྲོན་གྱི་ཁུར་པོ་སྒོར་དུང་ཕྱུར་ཁྲི་2ཡང་དུ་གཏོང་རྒྱུ་ཡིན་པ་འདིའི་དབང་གིས་ནོར་སྲིད་རིམ་པ་ཁག་ལ་གནོན་ཤུགས་ཆེན་པོ་ཡོང་ངེས་ཡིན་པས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རོགས་བྱེད་པའི་ཆེད་དུ། སྲིད་གཞུང་རིམ་པ་ཁག་གིས་བཟའ་མཁས་སྤྱོད་མཁས་དང་། ཐབས་བརྒྱ་ཇུས་སྟོང་ཐོག་ནས་མ་དངུལ་གསོག་འཇོག་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ཁུངས་འབྱེད་རྒྱུན་སྲིའི་ངང་ནས། དམིགས་འཛུགས་ཀྱི་གཞུང་དབང་དངུལ་རྩའི་སྒྲིག་གཞི་དང་ཀྲུང་དབྱང་གི་ཁེ་ལས་ལ་ཁེ་སྤོགས་འཇལ་ཚད་མང་དུ་གཏོང་རྒྱུ་དང་། སྤྱིར་བཏང་གི་གཏོང་སྒོ་5%ཡན་གཅོག་རྒྱུ། གཞུང་གྲོན་རྣམ་གསུམ་ཡང་བསྐྱར་3%ཡས་མས་གཅོག་རྒྱུ། རྒྱུན་རིང་ཕྱིར་བསྡུ་མ་ཐུབ་པའི་མ་དངུལ་ཚང་མ་རྩིས་ལེན་བྱེད་རྒྱུ། ས་གནས་སྲིད་གཞུང་གིས་ཀྱང་རང་འགུལ་ངང་ནས་གཏིང་ཤུགས་འདོན་སྤེལ་བྱས་ཏེ། གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་ཤུགས་ཆེན་བྱས་ནས། མ་དངུལ་དང་མ་རྩ་རིགས་ཁག་ཐབས་ལམ་མང་པོའི་ཐོག་ནས་གང་འགབ་ཅི་སྤྱོད་བྱེད་རྒྱུ། ང་ཚོས་ཚོང་རའི་བྱེད་པོ་སྤྱི་དང་ལྷག་པར་དུ་ཁེ་ལས་ཆུང་ཕྲན་ལ་ཁྲལ་གྲོན་ངོ་མ་བཅག་པའི་ཚོར་སྣང་མངོན་གསལ་ཡོང་དུ་བཅུག་ནས། ཁེ་ལས་དང་སྤྱི་ཚོགས་ལ་ཁས་བླངས་རིགས་ཁ་དན་ཚིག་གནས་མཐའ་གཅིག་ཏུ་བྱས་ཏེ། དཀའ་ངལ་མང་པོ་གང་འདྲ་ཐུག་ཀྱང་དོན་ཆེན་འདི་འགྲུབ་ཐུབ་པར་བྱེད་རྒྱུ་དང་ཡག་པོར་བསྒྲུབ་རྒྱུ།
     ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་དཀའ་བ་དང་བསྡུ་རུབ་ཀྱི་གནས་ཐང་ཆེ་བའི་དཀའ་ངལ་ཞི་ལྷོད་དུ་གཏོང་གང་ཐུབ་བྱེད་རྒྱུ། དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་གཏོང་བའི་ལམ་སྲོལ་སྒྱུར་བཅོས་འཐུས་ཚང་བྱས་ཏེ། བཅོལ་དངུལ་གྲབས་གསོག་བྱེད་ཚད་དང་། སྐྱེད་ཚད་སོགས་པའི་གྲངས་འབོར་དང་རིན་གོང་གི་ཐབས་ཤེས་དུས་ཐོག་ཏུ་སྤྱོད་ཅིང་། དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་འགྲེམ་རྒྱ་སྐྱེད་པར་ཁྲིད་སྟོན་བྱས་ཐོག  དངུལ་བུན་གཏོང་བའི་མ་གནས་གཅོག་རྒྱུ་དང་། དངོས་གཞིའི་དཔལ་འབྱོར་ལ་ཕན་ནུས་ཐོན་པའི་རོགས་སྐྱོར་གནད་འཁེལ་བྱས་ཏེ། མ་དངུལ་སྟོང་འཁོར་རམ་བདེན་བྲལ་སྟོང་བགྲོད་བྱེད་དུ་འཇུག་མི་རུང་། དངུལ་ཁང་ཆུང་འབྲིང་གི་ཕྱོགས་ངེས་གྲབས་དངུལ་གཅོག་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་སྤྲད་རིགས་ཚང་མ་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་ཕྲན་གྱི་དངུལ་བུན་གཡོར་སྤྱོད་དུ་གཏོང་རྒྱུ། ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་ཁ་གསབ་རྒྱག་པར་རྒྱབ་སྐྱོར་བྱེད་པ་དང་། ཡིད་རྟོན་དངུལ་བུན་འགྲེམ་ནུས་ཆེ་རུ་བཏང་ནས། བཟོ་སྐྲུན་ལས་རིགས་ཀྱིས་དུས་ཡུན་རིང་འབྲིང་གི་དངུལ་བུན་དང་ཡིད་རྟོན་དངུལ་བུན་གཡོར་ཚད་མང་དུ་གཏོང་བར་སྐུལ་མ་གཏོང་རྒྱུ། ད་ལོ་གཞུང་དབང་ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཁེ་ལས་ཆུང་ཕྲན་ལ་དངུལ་བུན་གཏོང་ཚད་30%ཡན་མང་དུ་གཏོང་རྒྱུ། དངུལ་ཁང་དང་མཚམས་སྦྱོར་ཞབས་ཞུའི་རིན་དངུལ་བསྡུ་རིགས་གཙང་སེལ་བྱེད་རྒྱུ། དངུལ་རྩའི་སྒྲིག་གཞིའི་ནང་ཁུལ་གྱི་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཀུན་ཕན་དངུལ་རྩའི་ཞབས་ཞུའི་ངར་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཆུང་ཕྲན་འབྲིང་གསུམ་གྱི་མ་དངུལ་བསྡུ་རུབ་དཀའ་ཚུལ་མངོན་གསལ་ལེགས་བཅོས་ཏན་ཏིག་བྱས་ཏེ། ཕྱོགས་བསྡུས་ཀྱིས་མ་དངུལ་བསྡུ་རུབ་དང་། མ་གནས་ངེས་པར་དུ་མངོན་གསལ་ཆག་པར་བྱེད་རྒྱུ།
     ས་གནས་སྲིད་གཞུང་གི་བུན་འཛིན་ནུས་པ་འདོན་སྤེལ་ཕན་ནུས་ཐོན་པར་བྱེད་རྒྱུ། ད་ལོ་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་2.15བཀོད་སྒྲིག་བྱེད་རྩིས་ཡོད་པས། སྔ་ལོ་ལས་སྒོར་དུང་ཕྱུར་8000འཕར་སྣོན་བྱས་པ་ནི། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པའི་ཆེད་དུ་ཡིན་པ་དང་། ས་གནས་སྲིད་གཞུང་གི་བུ་ལོན་ཉམས་ཉེན་འགོག་སེལ་སྔར་ལས་ལྷག་པ་བྱེད་པར་ཡང་ཆ་རྐྱེན་བསྐྲུན་པའི་ཆེད་དུ་ཡིན། ཆེད་དམིགས་བུན་འཛིན་སྤྱོད་ཁོངས་ཚུལ་མཐུན་གྱིས་རྒྱ་སྐྱེད་རྒྱུ། ས་གནས་སྲིད་གཞུང་གི་བརྗེ་ལེན་བུན་འཛིན་གྲངས་འབོར་ངེས་གཏན་ཞིག་མུ་མཐུད་བཀྲམས་ཏེ། ས་གནས་ཀྱི་སྐྱེད་ཀའི་ཁུར་པོ་ཡང་དུ་གཏོང་རྒྱུ། ཚོང་ར་ཅན་གྱི་བྱེད་སྟངས་སྤྱོད་པའི་བསྔགས་སྐུལ་བྱས་ཏེ། མ་དངུལ་བསྡུ་རུབ་ལས་སྟེགས་ཀྱི་དུས་བཀག་ཐིམ་པའི་བུ་ལོན་གྱི་དཀའ་ངལ་སེལ་རོགས་འཚམ་པོར་བྱེད་པ་ལས། ལས་གཞི་ཆེད་ཙམ་གཉེར་ནས་འཇོག་རིགས་བྱེད་མི་རུང་།
     སྣེ་མང་མཉམ་འཛིན་གྱིས་ལས་ཞུགས་བརྟན་པོ་ཡོང་བ་དང་རྒྱ་སྐྱེད་རྒྱུ། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་ཀྱི་ཚོགས་པ་གཙོ་བོའི་ལས་ཞུགས་ལས་ཀ་ཏན་ཏིག་ངང་ནས་ལེགས་པོར་བསྒྲུབ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་བའི་མི་སྣའི་རིགས་ལས་ཀར་ཞུགས་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱས་ནས་ལོ་ཕྱེད་ཡན་ལོན་པའི་མི་སྣ་བསྡུ་སྤྱོད་བྱེད་མཁན་ཁེ་ལས་སྣ་ཚོགས་ལ་ལོ་གསུམ་རིང་ཁྲལ་གྲོན་བཅད་གྲངས་གཅོག་རྒྱུ། ལས་ཞུགས་སྟབས་བསྟུན་དང་ལས་ཞུགས་གསར་པའི་རྣམ་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལས་ཞུགས་ཁྲོད་ཀྱི་ཕོ་མོ་དང་ཐོབ་ཐང་དབྱེ་འབྱེད་ལ་སྣང་ཆུང་བྱེད་རིགས་བཀག་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་རྒྱུ། ལས་རིགས་ཀྱི་ནུས་རྩལ་ཆེ་རུ་གཏོང་བའི་ལས་སྒོ་སྤེལ་རྒྱུ་དང་། ལས་ཤོར་འགན་བཅོལ་ཐེབས་རྩ་ལྷག་མའི་ཁྲོད་ནས་སྒོར་དུང་ཕྱུར་1000བཏོན་ཏེ། མི་ཐེངས་གྲངས་ཁྲི་1500ཡན་གྱི་ལས་བཟོ་པའི་ནུས་རྩལ་ཆེ་རུ་གཏོང་བ་དང་ལས་རྐང་དང་ལས་རིགས་སྒྱུར་བའི་གསོ་སྐྱོང་བྱེད་བྱར་སྤྱོད་རྒྱུ། ལག་རྩལ་བཟོ་པའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལམ་སྲོལ་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དེང་རབས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་བཏང་ན། དེང་གི་ལས་ཞུགས་གནོན་ཤུགས་ཞི་ལྷོད་དུ་འགྲོ་བར་ཕན་ཕོགས་ཡོད་ལ། ལག་རྩལ་མཐོ་བའི་མི་སྣ་དཀོན་ཚུལ་ཐག་གཅོད་བྱེད་ཐབས་ཀྱང་རེད། མཐོ་རིམ་ལས་རིགས་སློབ་ཆེན་དང་སློབ་གྲྭའི་རྒྱུགས་སྤྲོད་སློབ་བསྡུའི་བྱེད་ཐབས་སྒྱུར་བཅོས་འཐུས་ཚང་བྱས་ཏེ། ད་ལོའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་། དམག་ལོག་དམག་མི།  ལས་བྲལ་ལས་བཟོ་པ། ཞིང་པ་ལས་མི་སོགས་སྔར་ལས་མང་པོས་རྒྱུགས་ཐོ་འགོད་པར་སྐུལ་མ་གཏོང་རྒྱུ་དང་། ད་ལོ་མི་ཁྲི་100བསྡུ་ཁྱོན་ཆེ་རུ་གཏོང་རྒྱུ། མཐོ་རིམ་ལས་རིགས་སློབ་གླིང་གི་སློབ་སྐུལ་བྱ་དགའི་རོགས་དངུལ་དང་སློབ་སྐྱོར་རོགས་དངུལ་ཁེབས་ཚད་དང་ཁ་གསབ་རོགས་རམ་གྱི་ཚད་གཞི་ཇེ་མཐོར་གཏོང་ཞིང་། སློབ་བརྒྱུད་ལག་ཁྱེར་དང་ལས་རིགས་ཀྱི་རྩལ་ནུས་རིམ་པའི་ལག་ཁྱེར་ཕན་ཚུན་སྦྲེལ་མཐུད་མགྱོགས་པོ་ཡོང་བར་བྱེད་རྒྱུ། མཐོ་རིམ་ལས་རིགས་སློབ་གླིང་གི་སློབ་གཉེར་སྒྲིག་སྲོལ་སྒྱུར་བཅོས་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སློབ་གཉེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། དངོས་གཞིའི་ཚན་ཁག་དཀྱུས་མའི་མཐོ་སློབ་ཁག་གཅིག་ཉེར་སྤྱོད་ཅན་གྱི་སློབ་ཆེན་དུ་བསྒྱུར་བའི་ཁྲིད་སྟོན་བྱེད་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་ལས་རིགས་སློབ་གླིང་ལ་འཇོག་བྱའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་ནོར་སྲིད་ཀྱིས་ཀྱང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།  འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སློབ་སྐུལ་བྱ་དགའི་རོགས་དངུལ་འཛུགས་རྒྱུ། ཁེ་ལས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ལས་རིགས་སློབ་གསོ་གཉེར་བར་རོགས་སྐྱོར་བྱེད་རྒྱུ།  ཐོན་སློབ་མཉམ་འདྲེས་ཀྱི་དངོས་སྐྱོང་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ང་ཚོས་དེང་རབས་ཀྱི་ལས་རིགས་སློབ་གསོ་སྒྱུར་བཅོས་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་གཏོང་བར་བརྟེན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འཕྲལ་མཁོའི་རྩལ་ནུས་སྣ་ཚོགས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཇེ་མགྱོགས་བྱས་ཐོག  ན་གཞོན་སྔར་ལས་མང་པོར་རྩལ་ནུས་སྣ་གཅིག་ལ་མཁས་པར་བརྟེན་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དུ་འཇུག་རྒྱུ་དང་།  ལས་རིགས་སུམ་བརྒྱ་དྲུག་ཅུར་ཤེས་ལྡན་མི་སྣ་ནམ་མཁའི་སྐར་ཚོགས་བཞིན་བཀྲ་རུ་འཇུག་དགོས།
     (གཉིས།) ཚོང་རའི་བྱེད་པོའི་གསོན་ཤུགས་སྐུལ་སློང་བྱས་ནས། ཚོང་གཉེར་ཁོར་ཡུག་ལེགས་བཅོས་གང་ཐུབ་བྱེད་རྒྱུ། རང་རྒྱལ་ལ་ཚོང་རའི་བྱེད་པོ་དུང་ཕྱུར་ཟིན་པ་ཡོད་པར་མ་ཟད་ད་དུང་རྒྱུན་མ་ཆད་པར་འཕར་བཞིན་ཡོད། ཚོང་རའི་བྱེད་པོའི་གསོན་ཉམས་རྒྱུན་འཛིན་དང་གོང་སྤེལ་གཏོང་རྒྱུ་ནི་དཔལ་འབྱོར་བརྟན་བརླིང་ངང་འཕར་སྣོན་ཡོང་བའི་གནད་འགག་ཡིན། “གཤམ་སྤྲོད་དོ་དམ་ཞབས་ཞུ་”གསུམ་སྒྱུར་བཅོས་ཟབ་སྤེལ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་ཆུང་དུ་བཏང་ནས། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་བཏོན་ནས་གོང་འཕེལ་གཏོང་བའི་མཐུན་རྐྱེན་བསྐྲུན་རྒྱུ།
     ཞིབ་བཤེར་མཆན་འགོད་ཁུ་བསྡུ་དང་ཞབས་ཞུ་ལེགས་སྒྱུར་བྱེད་པར་བརྟེན་ནས། མ་རྩ་འཇོག་པའི་ལས་ལམ་གསར་དུ་འབྱེད་པར་སྟབས་བདེ་བསྐྲུན་རྒྱུ། ཚོང་རས་ཐོན་ཁུངས་བགོ་སྒྲིག་བྱེད་པ་ནི་ལས་ཆོད་ཆེ་ཤོས་ཀྱི་རྣམ་པ་ཡིན་པས། ཚོང་རར་ཞུགས་འཐུས་ཚད་གཞིའི་ལྡོག་ཕྱོགས་གསལ་ཐོ་སྔར་ལས་ཉུང་དུ་གཏོང་བ་དང་། “བཀག་རྒྱ་མེད་ན་བྱེད་ཆོག་པ་”ཡོངས་ཁྱབ་ཏུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྲིད་གཞུང་གིས་དོ་དམ་བྱེད་མི་འོས་པའི་རིགས་ཚོང་རར་མཐའ་གཅིག་ཏུ་སྤྲད་དེ། ཐོན་ཁུངས་ཐད་ཀར་བཀོད་སྒྲིག་བྱེད་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། ཞིབ་བཤེར་མཆན་འགོད་ཀྱི་དོན་དག་ཉུང་དུ་གཏོང་དགོས་རིགས་ཉུང་དུ་གཏོང་གང་ཐུབ། ཞིབ་བཤེར་མཆན་འགོད་དངོས་གནས་དགོས་རིགས་ལ་འགྲོ་ལུགས་དང་གོ་རིམ་སྟབས་བདེ་རུ་བཏང་ནས། ཁེ་ལས་ལ་དུས་ཚོད་མང་པོ་ཚོང་ར་འགྲིམ་དུ་འཇུག་པ་དང་།  ཞིབ་བཤེར་མཆན་འགོད་ཞུ་བར་དུས་ཚོད་འཕྲོ་བརླག་གཏོང་དུ་འཇུག་མི་རུང་། ད་ལོར་ཁེ་ལས་དང་འབྲེལ་བ་ཡོད་པའི་བདག་གཉེར་ཆོག་འཐུས་ཀྱི་དོན་དག་ཡོད་ཚད་ལ་“འཛིན་དཔང་དབྱེ་འབྱེད་”སྒྱུར་བཅོས་བྱས་ཏེ། ཁེ་ལས་ལ་ཚོང་གཉེར་ལག་ཁྱེར་སྔར་ལས་རག་བདེ་ཞིང་གང་མྱུར་ལས་གཉེར་རྒྱུན་ལྡན་ཡང་ཐུབ་པར་བྱས་ནས། “ནང་འཇུག་ཆོག་ཀྱང་ལས་གཉེར་མི་ཆོག་པའི་”སྣང་ཚུལ་སེལ་ཐབས་མཐའ་གཅིག་ཏུ་བྱེད་རྒྱུ་དང་། རྒྱལ་ཡོངས་ཁྱོན་དུ་ལས་གྲྭ་འཛུགས་སྐྲུན་གྱི་ལས་གཞིར་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་བྱེད་འགོ་བརྩམས་ཏེ། ལས་རིམ་ཡོངས་ལ་ཞིབ་མཆན་འགོད་ཡུན་ཇེ་ཐུང་དུ་གཏོང་རྒྱུ། ཆེད་ཁེ་ཞིབ་བཤེར་དང་ཚོང་རྟགས་ཐོ་རུ་འགོད་ཡུན་མུ་མཐུད་ཐུང་དུ་བཏང་ནས། དྲ་ཐོག་གི་ཞིབ་མཆན་འགོད་པ་དང་ཞབས་ཞུར་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་སྟེགས་བུ་འཛུགས་རྒྱུ་དམ་འཛིན་བྱས་ཏེ། དྲ་གཅིག་ཀུན་སྒྲུབ་དང་། གཞན་ཡུལ་དུ་ལས་དོན་སྒྲུབ་ཐུབ་རིགས་ཐུག་འཕྲད་མ་བྱས་ཀྱང་དོན་མང་འགྲུབ་ཐབས་མགྱོགས་སུ་གཏོང་རྒྱུ། དངོས་གནས་ཡུལ་དངོས་སུ་སྒྲུབ་པར་ཡོང་དགོས་རིགས་“དཀར་ཁུང་གཅིག་ནས་དང་ལེན་དང་དུས་བཀག་ལྟར་འགྲུབ་པར་”བྱས་ནས། “ཐེངས་གཅིག་ལས་བསྐྱོད་མི་དགོས་པར་”བྱེད་རྒྱུ། “ལག་ཁྱེར་ཉུང་འཕྲི་དང་དམངས་སྟབས་བདེ་པོ་”སྒྱུར་བཅོས་ཀྱི་བྱེད་སྒོ་རྒྱུན་མཐུད་དུ་སྤེལ་ཏེ། དཔང་ཡིག་ཉག་ཉོག་གིས་ཁེ་ལས་དང་མང་ཚོགས་ཚོར་སྡུག་པོ་ཡང་ཡང་གཏོང་དུ་འཇུག་མི་རུང་། སྲིད་དོན་ཞབས་ཞུར་“བཟང་ངན་གདེང་འཇོག་”གི་ལམ་ལུགས་འཛུགས་རྒྱུ་དང་། ཞབས་ཞུའི་ཕན་འབྲས་ནི་ཁེ་ལས་དང་མང་ཚོགས་ཀྱིས་ཤན་འབྱེད་བྱེད་རྒྱུ། སྲིད་གཞུང་སྡེ་ཁག་གིས་ཞབས་ཞུ་ལེགས་པོ་བྱེད་རྒྱུ་ནི་རང་འགན་ཡིན་ཞིང་།  ཞབས་ཞུ་ལེགས་པོ་མ་བྱས་ན་འགན་འཛོལ་རེད།
     ལྟ་སྐུལ་དོ་དམ་དྲང་གཞག་ལ་བརྟེན་ནས་འགྲན་རྩོད་དྲང་སྙོམས་ཡོང་བར་བྱེད་རྒྱུ། འགྲན་རྩོད་དྲང་གཞག་ནི་ཚོང་རའི་དཔལ་འབྱོར་གྱི་སྲོག་ཤིང་ཡིན་པ་དང་། ལྟ་སྐུལ་དོ་དམ་དྲང་གཞག་བྱེད་པ་ནི་འགྲན་རྩོད་དྲང་སྙོམས་བྱེད་པའི་འགན་སྲུང་རེད། འགྲན་རྩོད་དྲང་སྙོམས་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་ལམ་ལུགས་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་ནས། ཚོང་ར་གཅིག་གྱུར་དང་འགྲན་རྩོད་དྲང་སྙོམས་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱེད་ཐབས་སྣ་ཚོགས་གཙང་བཤེར་གང་མགྱོགས་བྱེད་རྒྱུ། ལས་ཁུངས་ཁུ་བསྡུས་བདེ་པོར་བྱེད་རྒྱུ། སྒྲིག་སྲོལ་སྟབས་བདེ་དང་ཕྱི་གསལ་ནང་གསལ་ཅི་ཙམ་ཡོང་ན། ལྟ་སྐུལ་དོ་དམ་དེ་ཙམ་གྱིས་ནུས་ལྡན་དང་ཕན་གོ་ཆོད། རྒྱལ་ཁབ་རིམ་པའི་ངོས་ནས་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ཚད་གཞི་བཟོ་བར་མཐོང་ཆེན་བྱེད་དགོས་ཤིང་། ས་གནས་སྲིད་གཞུང་གིས་ནུས་ཤུགས་གཙོ་བོ་ལྟ་སྐུལ་དོ་དམ་དྲང་གཞག་ཡོང་བར་འདོན་དགོས།“སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག་”གི་སྡེ་ཁག་ལས་བརྒལ་བའི་མཉམ་ལས་ལྟ་སྐུལ་དོ་དམ་ཁྱབ་སྤེལ་དང་། ཡིད་རྟོན་ལྟ་སྐུལ་དོ་དམ་དང་“འཕྲིན་སྦྲེལ་དྲ་བ་+ལྟ་སྐུལ་དོ་དམ་”སྒྱུར་བཅོས་ཁྱབ་སྤེལ། ཁོར་ཡུག་སྲུང་སྐྱོང་དང་། མེ་འགོག་མེ་གསོད། ཁྲལ་དོན། ཚོང་རའི་ལྟ་སྐུལ་དོ་དམ་སོགས་པའི་ཁྲིམས་བསྟར་རྣམ་པ་ལེགས་སྒྱུར་དང་། ཁྲིམས་འགལ་བར་ཁྲིམས་ལྟར་ཆད་པ་ནན་པོར་གཅོད་པ་དང་ཁྲིམས་སྲུང་མཁན་ལ་དོན་མེད་སུན་པོ་བཟོ་མི་རུང་། ཕྱོགས་བསྡུས་ཀྱིས་སྲིད་འཛིན་ཁྲིམས་བསྟར་སྒྱུར་བཅོས་ཟབ་སྤེལ་བྱས་ནས། སྲིད་འཛིན་ཆད་གཅོད་ཀྱི་དོན་དག་གཙང་བཤེར་དང་ཚད་ལྡན་བཟོ་བ་དང་། སྣེ་མང་རྟོག་ཞིབ་དང་རྟོག་ཞིབ་བསྐྱར་ཟློས་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ། ལྟ་སྐུལ་དོ་དམ་བྱེད་མཁན་ལ་ཡང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ལམ་བཟོ་དགོས་པ་ལས། གདམ་གསེས་རང་བཞིན་གྱི་ཁྲིམས་བསྟར་དང་རང་ཤེད་ཚ་པོའི་ཁྲིམས་བསྟར་ཀྱི་རིགས་གཏན་ནས་བྱེད་དུ་མི་འཇུག་པ་དང་། ཁེ་ལས་དང་མང་ཚོགས་ལ་དཀའ་ལས་བཟོ་རུ་གཏན་ནས་འཇུག་མི་རུང་། ཚོང་ཟོག་རྫུན་མ་དང་སྤུས་ཞན་བཟོ་འཚོང་སོགས་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ། ཁྲིམས་འགལ་ཚབས་ཆེན་པར་ཁུར་ཐབས་བྲལ་བའི་གྱོང་གུན་འཁུར་དུ་འཇུག་ཅིང་། ཁ་དན་ཚིག་ལ་མ་གནས་པར་མཉམ་འབྲེལ་གྱི་ཆད་གཅོད་བསླབ་འདོམས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཚོང་རའི་བྱེད་པོ་རིགས་ཁག་ཁྲིམས་སྲུང་དང་ཡིད་རྟེན་ཐོག་ནས་གཉེར་སྐྱོང་བྱེད་པར་སྐུལ་སྤེལ་བྱེད་རྒྱུ། ལྟ་སྐུལ་དོ་དམ་དྲང་གཞག་བྱེད་པར་བརྟེན་ཏེ། དོ་དམ་དྲང་གཞག་དང་། ལས་ཆོད། གསོན་ཤུགས་བཅས་ལྡན་པར་བྱེད་རྒྱུ།
     སྒྱུར་བཅོས་ལ་བརྟེན་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་དངུལ་བསྡུ་གཅོག་པར་སྐུལ་འདེད་གཏོང་རྒྱུ། གློག་ཤུགས་ཚོང་ར་ཅན་དུ་སྒྱུར་བཅོས་ཟབ་སྤེལ་བྱས་ནས། གློག་རིན་ཟུར་སྣོན་དངུལ་བསྡུ་གཙང་བཤེར་བྱེད་ཅིང་། བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་མ་གནས་ཆུང་དུ་གཏོང་བ་དང་། བཟོ་ཚོང་ལས་རིགས་སྤྱིར་བཏང་གི་ཆ་སྙོམས་གློག་རིན་ད་དུང་10%གཅོག་རྒྱུ། དངུལ་བསྡུའི་གཞུང་ལམ་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ལམ་རིན་དང་ཟམ་རིན་བསྡུ་ཚད་གཅོག་པ་དང་། འགྲུལ་སྐྱེལ་དང་དོས་སྐྱེལ་རླངས་འཁོར་ལ་ཚུལ་མིན་ཞིབ་མཆན་འགོད་པ་དང་། གླ་རིན་གང་བྱུང་དུ་བསྡུ་བ་དང་དངུལ་ཆད་གང་བྱུང་དུ་གཅོད་རིགས་གཙང་བཤེར་བྱེད་རྒྱུ། ལོ་གཉིས་ནང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞིང་ཆེན་ལས་བརྒལ་བའི་དངུལ་བསྡུའི་ས་ཚིགས་རྩ་བའི་ཆ་ནས་མེད་པར་བཟོ་རྒྱུ་དང་། རླངས་འཁོར་ཁ་བཀག་མི་དགོས་པར་དངུལ་བསྡུ་སྟབས་བདེ་ཡོང་བར་བྱས་ཏེ་རླངས་འཁོར་འགག་ཚུལ་ཇེ་ཉུང་དུ་གཏོང་བ་དང་། མང་ཚོགས་སྟབས་བདེ་ཡོང་བར་བྱེད་རྒྱུ། ལྕགས་ལམ་དང་གྲུ་ཁ་ཁག་གཅིག་གི་དངུལ་བསྡུ་མེད་པར་བཟོ་བའམ་ཉུང་དུ་གཏོང་རྒྱུ། མཚམས་སྦྱོར་ཞབས་ཞུའི་དངུལ་བསྡུ་རིགས་ཆེད་དོན་གཙང་བཤེར་བྱེད་རྒྱུ། སྲིད་འཛིན་བྱ་ལས་རང་བཞིན་གྱི་དངུལ་བསྡུ་མུ་མཐུད་གཙང་བཤེར་དང་ཚད་ལྡན་དུ་གཏོང་རྒྱུ། དངུལ་བསྡུ་གསལ་ཐོའི་“དྲ་སྦྲེལ་གཅིག་”འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་སྟེ། རིན་དངུལ་བསྡུ་རིགས་ཕྱི་གསལ་ནང་གསལ་དང་། དངུལ་གང་བྱུང་དུ་བསྡུ་རིགས་གནས་ཐབས་བྲལ་དུ་འཇུག་རྒྱུ།
     (གསུམ།) གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས། སྒུལ་ནུས་གསར་པ་སྐྱེད་སྲིང་དང་རྒྱ་བསྐྱེད་རྒྱུ། རང་རྒྱལ་གྱི་མི་ཤུགས་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། རྒྱལ་ནང་གི་ཚོང་ར་ཆེན་པོ་སོགས་ཀྱི་ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་བྱས་ཏེ། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་ཉེར་སྤྱོད་ལམ་སྲོལ་སྒྱུར་བཅོས་གསར་གཏོད་དང་། ཆེད་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ། སྒུལ་ནུས་ཪྙིང་ཚབ་གསར་མཐུད་སྤོ་སྒྱུར་ཐུབ་པར་བྱེད་རྒྱུ།
     སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བར་དམིགས་ཏེ། བཟོ་ལས་ཀྱི་རྨང་གཞི་དང་ལག་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ནས། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་རྒྱུ། བཟོ་ལས་འཕྲིན་སྦྲེལ་དྲ་བའི་ལས་སྟེགས་སྐྲུན་པ་དང་། “རིག་ནུས་+”རྒྱ་བསྐྱེད་དེ། བཟོ་སྐྲུན་ལས་རིགས་རིགས་སྒྱུར་རིམ་སྤོར་གྱི་ནུས་ཤུགས་གསོག་རྒྱུ། ཁེ་ལས་ཀྱིས་ལག་རྩལ་བསྒྱུར་བཀོད་དང་སྒྲིག་ཆས་གསར་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གཏན་འཇགས་རྒྱུ་ནོར་མགྱོགས་པོར་བཀོལ་ཟད་དངུལ་ཕབ་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོ་སྐྲུན་ལས་རིགས་ཡོངས་ཀྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་རྒྱུ། སྤུས་ཚད་དང་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ། ཐོན་རྫས་དང་ཞབས་ཞུའི་སྤུས་ཀ་ལེགས་སུ་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་བཀོལ་སྤྱོད་མཁན་སྔར་ལས་མང་པོར་ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་ཞབས་ཞུ་འདེམས་སུ་འཇུག་རྒྱུ།
     ཐོན་ལས་གསར་པ་འཕེལ་རྒྱས་མགྱོགས་སུ་འགྲོ་བར་བྱེད་རྒྱུ། གཞི་གྲངས་ཆེན་མོ་དང་མི་བཟོས་རིག་ནུས་སོགས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཟབ་སྤེལ་བྱས་ནས། ཆ་འཕྲིན་ལག་རྩལ་རབས་གསར་པ་དང་། སྒྲིག་ཆས་རྩེར་སོན། སྐྱེ་དངོས་ཀྱི་གསོ་སྨན། ནུས་ཁུངས་གསར་པའི་རླངས་འཁོར། རྒྱུ་ཆ་གསར་པ་སོགས་ཐོན་ལས་ཁྱུ་ཚོགས་གསར་པ་སྐྱེད་སྲིང་བྱེད་ཅིང་། ཨང་གྲངས་དཔལ་འབྱོར་རྒྱ་སྐྱེད་གཏོང་རྒྱུ། ལྟ་སྐུལ་དོ་དམ་ཁོང་ཡངས་གཟབ་ནན་མཐའ་འཁྱོངས་དང་། ལས་རྣམ་གསར་པའི་རྣམ་པ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་ནས། ལས་སྟེགས་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱེད་རྒྱུ། ལས་རིགས་དང་ཁྱབ་ཁོངས་སྣ་ཚོགས་སུ་“འཕྲིན་སྦྲེལ་དྲ་བ་+”གང་མགྱོགས་སུ་སྤེལ་རྒྱུ། འཕྲིན་སྦྲེལ་མྱུར་ཚད་མགྱོགས་སུ་གཏོང་བའི་རིན་དངུལ་གཅོག་ཚུལ་བསྟུད་མར་ཁྱབ་སྤེལ་བྱས་ནས། གྲོང་ཁྱེར་གྱི་ཐེར་འབུམ་ཟིན་པའི་གཤོང་ཆེའི་འཕྲིན་སྦྲེལ་ཁྱིམ་ཚང་དུ་འཛུགས་པའི་དཔེ་སྟོན་བྱེད་རྒྱུ་དང་། རྒྱང་གཏོང་སློབ་གསོ་དང་རྒྱང་བསྟེན་སྨན་བཅོས་འཕྲིན་སྦྲེལ་བསྒྱུར་བཀོད་རིམ་སྤོར་བྱེད་ཅིང་། སྒུལ་བདེའི་དྲ་སྦྲེལ་ཤོང་ཆེ་རིམ་སྤོར་བཅས་བྱས་ཏེ། སྤྱོད་མཁན་ལ་འཕྲིན་སྦྲེལ་སྔར་ལས་མགྱོགས་ཤིང་སྔར་ལས་བརྟན་པོའི་ཚོར་སྣང་དངོས་སུ་མྱོང་དུ་འཇུག་རྒྱུ། ད་ལོར་ཁེ་ལས་ཆུང་འབྲིང་གི་གཤོང་ཆེའི་འཕྲིན་སྦྲེལ་གླ་རིན་ཆ་སྙོམས་ད་དུང་15%གཅོག་རྒྱུ་དང་། སྒུལ་བདེ་འཕྲིན་སྦྲེལ་བྱེད་ཚད་ཀྱི་གླ་རིན་ཆ་སྙོམས་ད་དུང་20%ཡན་གཅོག་རྒྱུ། རྒྱལ་ཡོངས་སུ་“ཨང་འཁྱེར་དྲ་འཇུག་”ལག་བསྟར་བྱས་ཏེ་སྤྱོད་གླའི་རིམ་པ་སྒྲིག་འགོད་ཚད་ལྡན་བཟོས་ཏེ། རིན་དངུལ་གཅོག་རིགས་དངོས་གནས་དྲང་གནས་དང་། འཛད་སྤྱོད་པར་མངོན་སུམ་གསལ་རྟོགས་ཡོང་བར་བྱེད་རྒྱུ།
     ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་རྒྱུ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གདོད་མའི་གསར་གཏོད་བྱེད་ཤུགས་དང་། འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་བཀོད་པ་དམ་འཛིན་དང་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་མ་ལག་བསྐྱར་སྒྲིག་བྱས་ཏེ། ཚན་རྩལ་གྱི་ལས་གཞི་འགངས་ཆེན་སྒྲིག་འཛུགས་དོ་དམ་འཐུས་ཚང་བྱ་རྒྱུ། ཁེ་ལས་བྱེད་པོར་འཛིན་པའི་ཐོན་སློབ་ཞིབ་གསུམ་གཞི་གཅིག་ཅན་གྱི་གསར་གཏོད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཁེ་ལས་ཀྱིས་སྣེ་ཁྲིད་དེ་ཚན་རྩལ་གྱི་ལས་གཞི་འགངས་ཆེན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱིས་ཐོན་ཁུངས་གསར་སྤེལ་མཉམ་སྤྱོད་བྱེད་གནས་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ། ཁེ་ལས་ཆུང་འབྲིང་ལ་ལག་རྩལ་གསར་གཏོད་ཀྱི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་གསར་གཏོད་མཉམ་ལས་རྒྱ་བསྐྱེད་རྒྱུ། ཤེས་བྱའི་བདག་དབང་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་བྱའི་བདག་དབང་ལ་གནོད་སྐྱེལ་བར་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གསར་གཏོད་གསར་སྐྲུན་དང་སྤོ་སྒྱུར་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། ངོ་བོའི་ཐད་ནས་བཤད་ན་ཚན་རྩལ་གསར་གཏོད་ནི་འགྲོ་བ་མིའི་གསར་གཏོད་རང་བཞིན་གྱི་བྱེད་སྒོ་རེད། ཚན་ཞིབ་མི་སྣར་བརྩི་འཇོག་དང་ཡིད་ཆེས་གང་ལེགས་བྱེད་དགོས་ཤིང་། གསར་གཏོད་རུ་ཁག་དང་སྣེ་འདྲེན་མི་སྣར་མི་དངོས་རྒྱུ་གསུམ་བཀོལ་དབང་དང་ལག་རྩལ་ཁ་ཕྱོགས་ཀྱི་ཇུས་ཐག་གཅོད་དབང་སྔར་བས་ཆེན་པོ་སྤྲོད་རྒྱུ། རྨང་གཞིའི་ཞིབ་འཇུག་ལས་གཞིའི་གཞན་བརྒྱུད་གྲོན་དངུལ་གྱི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་ཞིང་། ལས་གཞིའི་གྲོན་དངུལ་བེད་སྤྱོད་“འགན་གཙང་ལམ་ལུགས་”ཚོད་ལྟ་བྱེད་གནས་གཉེར་རྒྱུ། ལས་གཞིའི་ཚན་པའི་བསྡུར་ཚད་ལ་ཚོད་འཛིན་མི་བྱེད་ཅིང་། ཚན་ཞིབ་ཚོགས་པས་བེད་སྤྱོད་རང་ཐག་གཅོད་རྒྱུ། ཚན་རྩལ་གྱི་གྲུབ་འབྲས་ལ་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་དང་ཕན་ནུས་ཐོན་པར་བྱེད་པའི་ཐད་ཤུགས་འདོན་དགོས་པ་ལས། སྒྱུར་བཅོས་ཀྱི་སྲིད་ཇུས་དེ་ཁ་ཐོག་དང་ཡིག་ཐོག་ཙམ་དུ་ལུས་སུ་འཇུག་མི་རུང་། ཪྙོག་ཟིང་མི་བཟོ་བར་སྟབས་བདེ་ཆེན་པོ་གཏོད་ནས། ཚན་ཞིབ་མི་སྣར་སློབ་སྦྱོང་ལ་བློ་རྩེ་སྒྲིམ་པ་དང་གསར་གཏོད་འགག་སྒྲོལ་བྱེད་དུ་འཇུག་རྒྱུ། ཚན་ཞིབ་མི་ཆོས་དང་སློབ་སྲོལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།  རིག་གཞུང་གི་བྱ་སྤྱོད་མི་ལེགས་པར་ཆད་གཅོད་བསླབ་འདོམས་དང་འཚབ་འཚུབ་ངང་ཐུང་གི་སྤྱོད་ཚུལ་སེལ་གང་ཐུབ་བྱེད་རྒྱུ། རང་རྒྱལ་ལ་འཛམ་གླིང་ཐོག་ཚན་རྩལ་ཤེས་ལྡན་པའི་དཔུང་སྡེ་གཞི་ཁྱོན་ཆེ་ཤོས་ཡོད་པས། ཚན་ཞིབ་ཀྱི་སྐྱེ་ཁམས་ལེགས་པོ་བསྐྲུན་ན། ཚན་རྩལ་མཛངས་མི་སྣ་ཚོགས་འགྲན་པའི་ཚུལ་གྱིས་ཐོན་ཅིང་། གསར་གཏོད་ཀྱི་གྲུབ་འབྲས་ཆུ་མིག་འབུར་བ་བཞིན་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཐོན་ཐུབ་ངེས་རེད།
     དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ཇེ་ཟབ་ཏུ་སྤེལ་རྒྱུ། སྤྱི་ཚོགས་ཀྱི་བྱེད་པོ་སྔར་ལས་མང་བས་གསར་གཏོད་ལས་གཏོད་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བར་སྟོང་སྐྱེད་པ། ཕྱོགས་གང་ཅིར་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ། གཉིས་གཏོད་དཔེ་སྟོན་རྟེན་གཞིའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱེད་པར་བསྔགས་སྐུལ་བྱེད་རྒྱུ། ཀུན་ཕན་རང་བཞིན་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རྒྱ་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་བསྡུ་འགོ་འཛུགས་གཞི་དེ་ཟླ་རེའི་བཙོང་འབོར་སྒོར་ཁྲི་3ནས་ཁྲི་10བར་མཐོ་རུ་གཏོང་བ་སོགས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོར་བྱེད་རྒྱུ། དངུལ་རྩའི་རྒྱབ་སྐྱོར་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རིག་གསར་གཏོད་བྱ་གཞི་དང་ཚོད་ལྟ་བྱེད་གནས་ཐོ་འགོད་ལམ་ལུགས་འཛུགས་པ་དང་། ཉིས་གཏོད་དངུལ་རྩའི་བུན་འཛིན་འགྲེམ་པར་བསྔགས་སྐུལ་བྱས་ནས་ཤེས་བྱའི་ཐོན་དངོས་བདག་དབང་མ་དངུལ་བསྡུ་རུབ་གཏའ་འཇོག་བྱེད་ཁྱོན་ཆེ་རུ་གཏོང་རྒྱུ། ལས་གཏོད་དངུལ་འཇོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བཀོལ་སྤྱོད། གདེང་འཇོག་བཅས་ཀྱི་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ནང་དུ་ལོག་པའི་ཕྱི་འགྲིམ་སློབ་མ་དང་རྒྱལ་ཁོངས་ཕྱི་པ་ཡིན་པའི་ཤེས་ལྡན་མི་སྣར་ཞབས་ཞུ་ལེགས་སྒྱུར་བྱེད་རྒྱུ། ཚོང་རའི་དགོས་མཁོར་ཕྱོགས་པ་དང་སྤྱི་ཚོགས་ཀྱི་རིག་གནས་དར་སྤེལ་གྱི་བློ་སྟོབས་ཟུང་འབྲེལ་བྱས་ཏེ། ཤེས་ལྡན་མི་སྣ་སྣ་ཚོགས་བསྡུ་མཁས་སྤྱོད་མཁས་བྱས་ན། ཀྲུང་གོའི་གསར་གཏོད་འཕེལ་རྒྱས་སྔར་ལས་ལྷག་པར་ཡོང་ངེས་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་བར་ལེགས་སྐྱེས་གང་ཡོད་འབུལ་ཐུབ་ངེས་རེད།
     (བཞི།) རྒྱལ་ནང་གི་ཚོང་ར་སྟོབས་ལྡན་ཆགས་པར་བྱས་ནས། ནང་མཁོའི་གཏིང་ཤུགས་བསྟུད་མར་འདོན་རྒྱུ།      འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དང་དངུལ་འཇོག་གི་འགག་རྩའི་ནུས་པ་འདོན་སྤེལ་གང་ཐུབ་བྱེད་པ་དང་། རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་བརྟན་དུ་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་རྒྱུ།
     འཛད་སྤྱོད་བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱེད་རྒྱུ། ཐབས་མང་མཉམ་སྤྱོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བར་བྱེད་རྒྱུ་དང་། འཛད་སྤྱོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། གསར་དུ་དག་བཅོས་བྱས་ཟིན་པའི་སྒེར་གྱི་ཐོབ་ཁྲལ་དོན་འཁྱོལ་ལེགས་པོར་བྱས་ཏེ། དཔྱ་ཁྲལ་གཅོག་པའི་སྲིད་ཇུས་དང་མཐུན་པའི་ཁྲལ་འཇལ་མཁན་ཁྲི་8000ལ་ཡོངས་སུ་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ། འཛད་སྤྱོད་དགོས་མཁོའི་འགྱུར་ལྡོག་གསར་པར་བསྟུན་ཏེ་ཐབས་ལམ་མང་པོའི་སྒོ་ནས་ཐོན་རྫས་སྤུས་ལེགས་དང་ཞབས་ཞུ་མཁོ་སྤྲོད་མང་ཙམ་བྱེད་པ་དང་། དམངས་ཁྲོད་ཀྱི་མ་དངུལ་ནང་འཇུག་གི་འགག་གནད་མགྱོགས་པོར་སེལ་ཐབས་བྱེད་རྒྱུ། རང་རྒྱལ་དུ་ལོ་ན་60ཡན་གྱི་མི་འབོར་དུང་ཕྱུར་2.5ཟིན་པས། རྒན་གསོ་དང་ཁྱད་པར་དུ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལས་རིགས་དར་སྤེལ་ཤུགས་ཆེན་བཏང་ནས། སྡེ་ཁུལ་དུ་ཉིན་མོར་ལྟ་སྐྱོང་དང་། ཁམས་གསོ་ནད་གཡོག  ཟས་སྟེར་འཁྲིད་རོགས་སོགས་ཀྱི་ཞབས་ཞུའི་སྒྲིག་གཞིར་དཔྱ་ཁྲལ་ཆག་ཡང་ངམ་རྩ་ཆག་གཏོང་རྒྱུ་དང་། མ་དངུལ་གྱི་རོགས་སྐྱོར་དང་། ཆུ་གློག་རླངས་དྲོད་ཀྱི་རིན་གོང་གཟིགས་སྐྱོང་སོགས་ཀྱི་རོགས་སྐྱོར་བྱེད་ཅིང་། སྡོད་ཁུལ་གསར་དུ་བསྐྲུན་རིགས་སུ་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ཆ་འགྲིག་འཛུགས་སྐྲུན་བྱེད་རྒྱུ། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུན་རིང་ནད་སྐྱོང་འགན་བཅོལ་ལམ་ལུགས་ཚོད་ལྟ་བྱེད་གནས་རྒྱ་སྐྱེད་དེ། རྒན་རྒོན་ཚེ་མཇུག་ཏུ་བདེ་སྐྱིད་ཡོང་བར་བྱས་ན། ཕྱི་རབས་པར་ཡང་འབྱུང་འགྱུར་གྱི་རེ་སྨོན་ལྡན་པར་ངེས། ཕྲུ་གུ་སྙོར་སྐྱོང་བྱེད་རྒྱུ་ནི་ཁྱིམ་ཚང་ཀུན་ལ་འབྲེལ་བ་ཡོད། ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་རྗེས་ཀྱི་གནས་ཚུལ་གསར་པར་དམིགས་ནས་ཕྲུ་གུ་སྙོར་སྐྱོང་གི་ཞབས་ཞུ་རྣམ་པ་སྣ་ཚོགས་དར་སྤེལ་གང་མགྱོགས་སུ་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་བུ་བཅོལ་སློབ་གསོའི་ཞབས་ཞུའི་སྒྲིག་གཞི་གསར་འཛུགས་ལ་རྒྱབ་སྐྱོར་བྱས་ནས། བྱིས་པའི་བདེ་ཐང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁྱིམ་ལས་ཞབས་ཞུའི་ལས་སྒོའི་སྤུས་ཚད་དང་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཡུལ་སྐོར་ཐོན་ལས་རྒྱ་བསྐྱེད་རྒྱུ། རླངས་འཁོར་ཀྱི་འཛད་སྤྱོད་བརྟན་པོ་ཡོང་བར་བྱེད་རྒྱུ་དང་། ནུས་ཁུངས་གསར་པའི་རླངས་འཁོར་ཉོ་བར་གཟིགས་སྐྱོང་གི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། གློག་གསོག་དང་། ཆིང་སྣོན་སོགས་པའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་གཏོང་བ་དང་། དྲ་ཐོག་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱེད་རྒྱུ། འཛད་སྤྱོད་ཀྱི་འཕར་གནས་གསར་པ་སྐྱེད་སྲིང་བྱེད་རྒྱུ། གྲོང་གསེབ་ཀྱི་རྒྱུན་འཁོར་འཕྲིན་སྦྲེལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་རྡུལ་ཚོང་ར་དང་མྱུར་སྐྱེལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་བློ་བདེའི་ངང་ནས་འཛད་སྤྱོད་དང་། འཛད་སྤྱོད་བྱེད་སྟབས་བདེ་པོ་ཡོང་བར་བྱེད་རྒྱུ།
     ཕན་ནུས་ལྡན་པའི་དངུལ་འཇོག་རྒྱ་སྐྱེད་ཚུལ་མཐུན་བྱེད་རྒྱུ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་རྩེ་གཅིག་ཏུ་དམིགས་ནས། ལས་གཞི་གཙོ་བོ་ཁག་གཅིག་ལག་བསྟར་མགྱོགས་པོར་བྱེད་རྒྱུ། ལྕགས་ལམ་ལ་དངུལ་འཇོག་སྒོར་དུང་ཕྱུར་8000དང་། གཞུང་ལམ་དང་ཆུ་ཐོག་སྐྱེལ་འདྲེན་ལ་དངུལ་འཇོག་སྒོར་དུང་ཕྱུར་ཁྲི་1.8ལེགས་འགྲུབ་བྱེད་ཅིང་། ཆུ་བེད་ལས་གྲྭ་འགངས་ཆེན་ཁག་གཅིག་ཡང་བསྐྱར་ལས་འགོ་བརྩམ་རྒྱུ་དང་། ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་དབར་གྱི་འགྲིམ་འགྲུལ་དང་། དངོས་ཟོག་འགྲེམ་སྐྱེལ། གྲོང་ཁྱེར་དོ་དམ། གནོད་སྐྱོན་འགོག་བཅོས། དམངས་སྤྱོད་དང་ཀུན་སྤྱོད་མཁའ་འགྲུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་རབས་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ད་ལོ་ཀྲུང་དབྱང་གི་སྔོན་རྩིས་ནང་དུ་དངུལ་འཇོག་བཀོད་སྒྲིག་སྒོར་དུང་ཕྱུར་5776བྱེད་རྒྱུ་ཡིན་པས། སྔ་ལོ་ལས་སྒོར་དུང་ཕྱུར་400འཕར་རྒྱུ་རེད། ལས་གཞིའི་དངུལ་བསྡུའི་རྣམ་པ་གསར་གཏོད་བྱས་ནས། རྨང་གཞིའི་སྒྲིག་བཀོད་སོགས་པའི་ལས་གཞིའི་མ་རྩའི་དངུལ་གྱི་བསྡུར་ཚད་འོས་འཚམ་བཅག་ནས། གསར་སྤེལ་རང་བཞིན་གྱི་མ་དངུལ་བསྡུ་རུབ་ཀྱི་ཐབས་ཤེས་བེད་སྤྱོད་ལེགས་པོར་བྱེད་རྒྱུ། དམངས་ཁྲོད་ཀྱི་མ་རྩ་དེ་བས་མང་པོ་གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་འཛུགས་སྐྲུན་དུ་ཞུགས་རྒྱུའི་ཡིད་དབང་འགུག་རྒྱུ། དམངས་ཁྲོད་ཀྱི་མ་རྩ་འཇོག་པར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་གོ་རིམ་ལྡན་པའི་ངང་ནས་ཁྱབ་སྤེལ་བྱེད་རྒྱུ། སུས་འཇོན་དེ་འགུག་ལམ་ལུགས་སྒྱུར་བཅོས་འཐུས་ཚང་བྱས་ཏེ། སྲིད་གཞུང་གིས་སྣེ་ཁྲིད་དེ་ཁ་དན་ཚིག་གནས་དང་ཆིངས་རྒྱ་སྲུང་བ་ལས་“དཔོན་གསར་གྱིས་རྩིས་ཐོ་ཪྙིང་པར་ཁ་ཡ་མི་བྱེད་པ་”གཏན་ནས་མི་བྱེད་པར། ཁེ་ལས་ལ་གྲོན་དངུལ་ཆད་འགྱངས་བྱས་རིགས་ལོ་མཇུག་གོང་ལ་ཕྱེད་ཀ་ཡན་གཙང་སྤྲོད་བྱས་ནས། ཆད་འགྱངས་གསར་པ་མང་དུ་གཏོང་རིགས་གཏན་ནས་བྱས་མི་ཆོག
【1】  【2】  【3】  【4】  【5】  【6】  【7】  【8】