འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་27ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2019ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།  ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་24ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འཐུས་མི་རྣམ་པ།
     འདས་པའི་ལོ་གཅིག་རིང་འཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་གཡོ་མེད་ལ་བརྟན་པའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་བརྟེན་པའི་འབྲས་བུ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན་པས། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོའི་ཏང་ཤོག་ཁག  མི་དམངས་ཀྱི་ཚོགས་པ་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་ཆེ་ཞུ་རྒྱུ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་ཝན་པ་བཅས་དང་ཕྱིར་སྡོད་སྤུན་ཟླ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། ཀྲུང་གོ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་ཐུགས་འཁུར་དང་རོགས་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཡིན།
     ཉེན་ཁར་ཟོན་ན་ད་གཟོད་བདེ་བར་འཁོད། གྲུབ་འབྲས་ཁས་ལེན་གང་ཐུབ་བྱེད་པ་དང་མཉམ་དུ་རང་རྒྱལ་གྱི་འཕེལ་རྒྱས་ལ་གནད་དོན་དང་འགྲན་སློང་འཕྲད་པའང་གསར་པོ་ཤེས་པར་བྱེད་དགོས། འཛམ་གླིང་གི་དཔལ་འབྱོར་འཕེལ་ཤུགས་དལ་དུ་སོང་བ་དང་། སྲུང་སྐྱོབ་རིང་ལུགས་དང་། ཕྱོགས་རེའི་རིང་ལུགས་ཇེ་སྡུག་ཏུ་སོང་ཞིང་། རྒྱལ་སྤྱིའི་ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་འཕར་ཆག་ཆེ་བས། བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མངོན་གསལ་ཆེ་རུ་ཕྱིན་པ་དང་། ཕྱི་ནས་ནང་འཇུག་ཚུལ་གྱི་ཉམས་ཉེན་ཆེ་རུ་ཕྱིན་ཡོད། རྒྱལ་ནང་གི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་། འཛད་སྤྱོད་འཕར་ཚད་དལ་དུ་སོང་བ། ཕན་འབྲས་ཐོན་པའི་དངུལ་འཇོག་འཕར་ཤུགས་ཞན་དུ་སོང་ཡོད། དངོས་གཞིའི་དཔལ་འབྱོར་ལ་དཀའ་ངལ་མང་ཙམ་ཡོད་པ་དང་། དམངས་གཉེར་ཁེ་ལས་ཆུང་ཕྲན་གྱི་མ་དངུལ་བསྡུ་རུབ་དཀའ་ཞིང་བསྡུ་རུབ་ཀྱི་གནས་ཐང་ཆེ་ཚུལ་ཞི་ལྷོད་འབྱུང་བར་ཕན་འབྲས་ཐོན་ཐུབ་མེད། ཚོང་གཉེར་ཁོར་ཡུག་དང་ཚོང་རའི་བྱེད་པོའི་རེ་སྒུག་བར་ལ་ད་དུང་ཁྱད་པར་ཅུང་ཆེ་ཙམ་ཡོད། རང་ཚུགས་གསར་དུ་གཏོད་ནུས་ཆེན་པོ་མེད་པ་དང་། འགག་རྩ་ལྡན་པའི་སྲོག་ཤིང་ལག་རྩལ་གྱི་ཞན་ཆ་འབུར་དུ་ཐོན་ཞིང་། ས་གནས་འགའ་ཞིག་ཏུ་ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་ཆེ་ཙམ་ཡོད། དངུལ་རྩ་སོགས་པའི་ཁྱབ་ཁོངས་སུ་ཉམས་ཉེན་འབྱུང་གཞི་སྔར་བཞིན་མི་ཉུང་བ་ཡོད་པ་དང་། ཤིན་ཏུ་དབུལ་ཁུལ་ལ་དབུལ་བྲལ་འགག་སྒྲོལ་གྱི་དཀའ་ངལ་མང་ཙམ་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་སྦགས་བཙོག་འགོག་བཅོས་ཀྱི་ལས་འགན་སྔར་བཞིན་ལྗིད་པོ་རེད། སློབ་གསོ་དང་། སྨན་བཅོས། རྒན་གསོ། སྡོད་ཁང་། ཟས་རིགས་དང་སྨན་རྫས་བདེ་འཇགས། ཡོང་སྒོ་བགོ་བཤའ་སོགས་པའི་ཐད་ལ། མང་ཚོགས་མ་མོས་ས་སྔར་བཞིན་མི་ཉུང་བ་ཡོད། ན་ནིང་སྤྱི་པའི་བདེ་འཇགས་དོན་རྐྱེན་དང་ཐོན་སྐྱེད་བདེ་འཇགས་ཀྱི་བྱུར་ཉེས་ཚབས་ཆེན་ཡང་མང་ཙམ་ཐོན་པ་དང་། བསླབ་བྱ་ཧ་ཅང་ཟབ་མོ་བྱུང་ཡོད། སྲིད་གཞུང་གི་ལས་དོན་ལ་མི་འདང་ས་ཡོད་པ་དང་། སྒྱུར་བཅོས་དང་འཕེལ་རྒྱས་གཏོང་ཐབས་འགའ་ཞིག་དོན་འཁྱོལ་གནད་སྨིན་མ་བྱུང་བ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་སྔར་བཞིན་མངོན་གསལ་དོད་པ། ལྟ་ཞིབ་དང་ཞིབ་བཤེར་དཔྱད་ཞིབ་བཅས་མང་ཐལ་དང་བྱེད་ཐལ་དྲགས་པ། ཤུལ་རྗེས་ལ་སྣང་ཆེན་དང་བྱས་རྗེས་དངོས་ལ་སྣང་ཆུང་བྱས་པས། གཞི་རིམ་གྱི་ཁུར་པོ་ལྕི་རུ་སོང་ཡོད། ལས་བྱེད་པ་ཉུང་ཤས་ཀྱིས་སྲིད་གཡེང་སྲིད་ལྷོད་གཏོང་བ་དང་། ཁྱབ་ཁོངས་འགའ་ཞིག་ཏུ་རུལ་སུངས་ཀྱི་གནད་དོན་སྔར་བཞིན་མང་པོ་ཐོན་བཞིན་ཡོད་པས། ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཐད་ཀར་ཕྱོགས་པ་དང་། འགན་འཁུར་ཕོད་པ། རང་འགན་འབད་སྒྲུབ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་དགུ་བཏོན་ཏེ་རང་གི་ལས་ཀ་ཡག་པོར་བསྒྲུབས་ནས། མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་མི་འགྲོ་བར་བྱེད་དགོས།
【1】  【2】  【3】  【4】  【5】  【6】  【7】  【8】