འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་21ཉིན།

༄༅།།ལྷ་ཉིང་ལྕགས་ལམ་གྱི་གཙང་རི་ལའི་ཕུག་ལམ་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་21ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷ་ཉིང་ལྕགས་ལམ་གྱི་གཙང་རི་ལའི་ཕུག་ལམ་ཤར་གཏོང་ཐུབ་པ།
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་གཙང་རི་ལའི་ཕུག་ལམ་ཚེས་19ཉིན་བདེ་བླག་ངང་ཤར་གཏོང་ཐུབ་པ་རེད། ལྷ་ཉིང་ལྕགས་ལམ་གྱི་སྨི་3000ཡན་གྱི་ཕུག་ལམ་གཞན་ཞིག་ཤར་གཏོང་ཐུབ་པ་དེས་ཉེན་ཁའི་རིམ་པ་ཧ་ཅང་མཐོ་བའི་ཕུག་ལམ་དང་། དཀའ་གནད་ཧ་ཅང་ཆེ་བའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ལ་དུས་མཚམས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མཚོན་གྱི་ཡོད་པ་རེད། 
གཙང་རི་ལའི་ཕུག་ལམ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནང་ཁོངས་སུ་ཡོད་ཅིང་། ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་3964ཡོད་པ་དང་། ཆ་ཚང་ལམ་ཐིག་གཅིག་གི་ཕུག་ལམ་ཡིན་ཞིང་། ཕུག་ལམ་གྱི་གཏིང་ཟབ་ཤོས་ལ་སྨི་392ཡོད་ཅིང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3200ཡོད་པ་རེད།
    ལྷ་ཉིང་ལྕགས་ལམ་གྱི་མ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་435ཡོད་པ་དང་། མྱུར་ཚད་ཀྱི་ཇུས་འགོད་སྤྱི་ལེ་160ཡིན་པ། དེ་ནི་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་པ་རེད།  རང་རྒྱལ་གྱི་བོད་དུ་བསྐྱོད་པའི་ལྕགས་ལམ་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་།  ལྷ་ཉིང་ལྕགས་ལམ་དེ་སྔོན་དཔག་བྱས་ན་2021ལོར་སྐྲུན་ཟིན་ནས་ཤར་གཏོང་ཐུབ་རྒྱུ་དང་།  སྐབས་དེར་རང་རྒྱལ་གྱི་ས་ཁོངས་ལྕགས་ལམ་གྱི་དྲ་རྒྱའི་བཀོད་སྒྲིག་བྱེད་ཚུལ་ལེགས་བཅོས་ཡོང་རྒྱུ་མ་ཟད་ད་དུང་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས་ལ་སྐུལ་ཁྲིད་ཐུབ་ནས་ལྗོངས་ཕྱི་ནང་ཕན་ཚུན་འབྲེལ་མཐུད་སོགས་ལ་སྐུལ་སྤེལ་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་རྒྱུ་རེད།