འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་21ཉིན།

༄༅།།བར་སྣང་སྟེང་གི་གཟུགས་བརྙན་མཛེས་ཤོས།

—— “གློག་ཤུགས་མཁའ་ལམ”ལ་ལོ་བཤེར་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་21ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཧོའུ་ཝུན་ཝུའུ་ཡིས་མཐོ་ཚད་ལ་སྨི་50ལྷག་ཙམ་ཡོད་པའི་གློག་གཏོང་མཐོ་ལྕོག་གི་རྩེ་མོར་འཛེགས་སྐབས་དྲག་ཏུ་ལྡང་བའི་རླུང་བུས་ཁོ་པའི་ལུས་པོའང་ཡོམ་ཡོམ་བྱས་པར་བརྟེན་པན་ཀྲང་ཝུང་ཀང་གིས“བདེ་འཇགས་སྲུང་ཐག་ལ་ཡང་བསྐྱར་ཞིབ་བཤེར་གྱིས་དངངས་སྐྲག་མ་བྱས་པར་དལ་ཙམ་གྱིས་ཤིག”ཅེས་བདེ་འཇགས་མཛུབ་སྟོན་གྱི་བཀའ་བརྡ་བཏང་།
     དེ་ནི་ཚྭ་འདམ་གཤོངས་སའི་ལྷོ་ངོས་སུ་གནས་པའི་མཚོ་བོད་དྲ་སྦྲེལ་ལས་གྲྭའི་མཐོ་ལྕོག་ཨང་148པ་དེ་ཡིན་པ་དང་། མཐོ་ལྕོག་གི་གཞི་གདན་ལ་ས་བབ་མཐོ་ཚད་སྨི་3340ཡོད། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིབ་བཤེར་བཟོ་བཅོས་ཀུང་སིའི་གློག་གཏོང་ཞིབ་བཤེར་བཟོ་བཅོས་ལྟེ་གནས་ཀྱི་གློག་ལྡན་ལས་སྒྲུབ་པན་གཉིས་པའི་ཞིབ་བཤེར་བཟོ་བཅོས་པས་གློག་གཏོང་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་བཞིན་ཡོད།
    “སེམས་ཁྲལ་བྱེད་དགོས་མེད། འདི་ལོ་ང་ལོ་51ལ་སླེབས་ཀྱང་རྙོག་འཛིང་ཆེ་བའི་ལག་རྩལ་གྱི་གནད་དོན་འཕྲད་སྐབས་སྔན་བཞིན་མཐོ་ལྕོག་སྟེང་འཛེགས་ཀྱི་ཡོད”ཅེས་ཝུང་ཀང་གིས་གད་མོ་བགོད་བཞིན་དུ་གསར་འགོད་པར་བརྗོད་པ་དང་། ཁོང་གིས་མཚོ་བོད་དྲ་སྦྲེལ་ཞིབ་བཤེར་བཟོ་བཅོས་བྱ་ཡུལ་དུ་ལས་སྒྲུབ་ཀྱི་ཚད་གཞི་ཧ་ཅང་ནན་པོ་ཡོད། དྲག་ཆར་དང་གངས་ཆེན་པོ་བབས་སྐབས་མཐོ་ལྕོག་སྟེང་འཛེགས་མི་ཆོག་ལ་ལྷགས་པ་རིམ་པ་5ཡན་རྒྱག་སྐབས་དང་བྱེ་རླུང་ལྡང་བའི་གནམ་གཤིས་བསྟན་སྐབས་མཐོ་ལྕོག་སྟེང་འཛེགས་མི་ཆོག་པས་གནམ་གཤིས་འདི་ལྟ་བུར་སེམས་ཁྲལ་བྱེད་རྒྱུ་གང་ཡོད་ཅེས་བརྗོད།
     “གློག་ཤུགས་མཁའ་ལམ”ཞེས་གྲགས་པའི་མཚོ་བོད་དྲ་སྦྲེལ་ལས་གྲྭ་དེ་ཤར་མཚོ་སྔོན་ཟི་ལིང་ནས་ནུབ་བོད་ལྗོངས་ལྷ་ས་བར་ཁྱོན་ལམ་ཐག་སྤྱི་ལེ་2530ཡོད་པའི་ནང་ཚྭ་འདམ་གཤོངས་སའི་བརྗེ་རྒྱུན་ས་ཚུགས་ནས་ལྷ་སའི་བརྗེ་རྒྱུན་ས་ཚུགས་ཀྱི་ཐད་རྒྱུགས་ལས་གྲྭའི་བར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཟིན་གྱི་ཡོད་པས་དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཐད་རྒྱུགས་གློག་གཏོང་ལས་གྲྭ་དང་ལོ་མང་འཁྱགས་པ་ཡུན་རིང་ཤོས་ཀྱི་ལམ་ཐག་རིང་ཤོས་བརྒལ་བའི་གློག་གཏོང་སྐུད་ལམ་ཞིག་རེད།
     2011ལོའི་ཟླ་11པར་གཉེར་སྐྱོང་བྱེད་འགོ་བཙུགས་ཚུན། མཚོ་བོད་དྲ་སྦྲེལ་ལས་གྲྭ་བདེ་འཇགས་བརྟན་ལྷིང་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་ཆེད་གློག་ཤུགས་སྡེ་ཚན་གྱིས་ལོ་ལྟར་ལོ་བཤེར་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་གྱི་ཡོད། འདི་ལོའི་ཟླ་5ཚེས་10ཉིན་ནས་ཟླ་5ཚེས་29ཉིན་བར་ལས་གྲྭར་ལོ་བཤེར་ཐེངས་8པ་དེ་བྱ་རྒྱུ་རེད།
     “མཚོ་བོད་དྲ་སྦྲེལ་ལས་གྲྭའི་མཚོ་སྔོན་མངའ་ཁོངས་ཀྱི་རིང་ཚད་ལ་སྤྱི་ལེ་608.7ཡོད་པར་ཁྱོན་མཐོ་ལྕོག་1394དང་ལམ་ཐག་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་མཐོ་ལྕོག་ལ་ས་བབ་མཐོ་ཚད་སྨི་5200ལྷག་ཡོད”ཅེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིབ་བཤེར་བཟོ་བཅོས་ཀུང་སིའི་གློག་གཏོང་ཞིབ་བཤེར་བཟོ་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་པོ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་དུས་བཀག་བཞིན་སྤུས་ཚད་མཐོ་བའི་སྒོ་ནས་ཞིབ་བཤེར་བཟོ་བཅོས་ཀྱི་ལས་འགན་ལེགས་སྒྲུབ་བྱ་ཆེད་རྒྱལ་ཁབ་གློག་དྲ་ཀུང་སིས་འདི་ལོ་ཁྱོན་ལག་རྩལ་མི་སྣ་300ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་དུམ་མཚམས་དང་ཚོགས་ཆུང་དབྱེ་ནས་དུས་མཉམ་དུ་ཞིབ་བཤེར་བཟོ་བཅོས་བྱས་ཡོད་ཅེས་བརྗོད།
     “མཚོ་བོད་དྲ་སྦྲེལ་ལས་གྲྭའི་ས་བབ་མཐོ་ཤོས་དང་ལས་སྒྲུབ་བྱེད་དཀའ་ཤོས་ཀྱི་རིམ་པ་དང་པོའི་མཐོ་ལྕོག་ནི་གདང་ལའི་ཁུལ་དུ་ཡོད་ཅིང་། ང་ཚོས་ཞིབ་བཤེར་བཟོ་བཅོས་ཀྱི་ལས་འགན་དང་ལེན་བྱེད་མཁན་གྱི་པན་དང་པོར‘གདང་ལའི་ཐང་དཀར་རྒོད་པོ’ཞེས་བརྗོད་ཀྱི་ཡོད། དོན་དངོས་ཐོག་ང་ཚོ་པན་གཉིས་པའང“ཐང་དཀར་རྒོད་པོ”དང་གཉིས་སུ་མ་མཆིས”ཞེས་ཝུང་ཀང་གིས་བརྗོད།
     ཝུང་ཀང་གིས་གསར་འགོད་པར་མཚོ་བོད་ས་མཐོའི་ཐོག་བར་སྣང་གློག་ཤུགས་ཞིབ་བཤེར་བཟོ་བཅོས་བྱེད་པར་མགོ་བོ་ན་བ་དང་སྐྱུག་མེར་ལངས་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་དགོས་ལ། ལྟོ་ཆས་བཟའ་མི་ཐུབ་པའི་ས་མཐོའི་ལ་དུག་ཀྱང་ཁྱད་བསད་བྱེད་དགོས་ཀྱི་ཡོད། ཆེད་ལས་རྩལ་ནུས་ཀྱི་རེ་བ་དེ་བས་མཐོ་བ་ཡོད་པ་སྟེ་ཐེག་ཐག་གཅིག་ཞིབ་བཤེར་བཟོ་བཅོས་ལེགས་སྒྲུབ་བྱེད་པར་འབྲེལ་གཅོད་རྡུལ་དང་གཅུས་གཟེར་སོགས་གློག་ཤུགས་སྒྲིག་ཆས་ཀྱི་ལེ་ལག་300ལྷག་ཙམ་ལ་ཞིབ་བཤེར་བྱེད་དགོས་པས་དེར་ཐང་དཀར་རྒོད་པོ་ལྟ་བུའི་དབུགས་ཐག་དང་མིག་ནུས་ཤིག་ལྡན་དགོས་ཞེས་བརྗོད།
     ལོ་33ལ་སླེབས་པའི་ཧོའུ་ཝུན་ཝུའུ་ས་མཐོའི་ཐོག་ལོ་བཅུ་གྲངས་རིང་བར་སྣང་སྟེང་གི་གློག་ཤུགས་སྐུད་ལམ་གྱི་ཞིབ་བཤེར་བཟོ་བཅོས་ཀྱི་ལས་ལ་གཞོལ་ཞིང་། མཐོ་ལྕོག་ནས་མར་བབ་སྐབས་གསར་འགོད་པས་ཁོང་ད་དུང་དབུགས་ཧལ་བཞིན་པ་མཐོང་བྱུང་།
     “དེ་རིང་མཐོ་ལྕོག་3ལ་འཛེགས་པ་ཡིན། ས་བབ་མཐོ་བས་དངོས་གནས་དཀའ་ལས་ཁག་པོ་འདུག”ཅེས་ཧོའུ་ཝུན་ཝུའུ་ཡིས་བརྗོད་པ་དང་། ཁོང་གིས་ས་མཐོར་ལས་སྒྲུབ་བྱེད་པའི་ཆ་རྐྱེན་དཀའ་ཚེགས་ཆེ་བའི་ཁར། ཞིབ་བཤེར་བཟོ་བཅོས་པན་གྱིས་ལག་བསྟར་བྱེད་པ་ནི་མཐོ་ལྕོག་གཅིག་འཛེགས་རྗེས་མཐོ་ལྕོག་གཅིག་ངལ་གསོ་བའི“རེས་མོས”ཀྱི་ལས་སྒྲུབ་ལམ་ལུགས་དེ་རེད། ཡིན་ནའང་མཐོ་ལྕོག་སྟེང་ཡར་འཛེགས་པ་དང་མར་བབས་པའི་ལས་སྒྲུབ་བྱེད་ཐེངས་རེར་ལུས་ཟུངས་ཟད་པའི་སྣང་བ་ཤར་གྱི་འདུག་ཅེས་བརྗོད།
     གད་སྙིགས་ཚང་མ་སྣོད་ཆས་ནང་བླུགས་པ་དང་ཞིབ་བཤེར་བཟོ་བཅོས་བྱ་ཡུལ་གཙང་སེལ་བྱས་རྗེས་ཕྱི་དྲོའི་ཆུ་ཚོད་3པ་ཙམ་ཟིན་ཡོད། བསྟུད་མར་ལས་སྒྲུབ་ཆུ་ཚོད་7ཙམ་བྱས་པས་ཉིན་དེར་མཐོ་ལྕོག་6ལ་ཞིབ་བཤེར་བཟོ་བཅོས་བྱེད་རྒྱུའི་ལས་འགན་ལེགས་སྒྲུབ་ཟིན་པས་མ་གཞི་ཝུང་ཀང་དང་ཁོང་གི་ལས་རོགས་ཚོ་ངལ་གསོ་རྒྱག་ཆོག་མོད། འོན་ཀྱང་གནམ་གཤིས་ཡག་པོ་ཡོད་པས་ཁོང་ཚོས་གྲོས་བསྡུར་བྱས་ཏེ་མུ་མཐུད་མཐོ་ལྕོག་གཅིག་ལ་ཞིབ་བཤེར་བཟོ་བཅོས་བྱ་རྒྱུའི་ཐག་བཅད།