འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་17ཉིན།

༄༅།།ཨ་རིས་ཀྲུང་གོར་ཡོང་ནས་མུ་མཐུད་གྲོས་མོལ་བྱ་རྒྱུར་རེ་སྒུག་བྱས་ཡོད་པར་བརྗོད་
པའི་ཐད། ཕྱི་འབྲེལ་པུའུ་ཡིས་ལྷག་བསམ་རྣམ་དག་ཡིན་ན་ད་གཟོད་དོན་
སྙིང་ལྡན་ཞེས་བཤད།  

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་17ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་16ཉིན། ཉེ་ཆར། ཨ་རིས་ཀྲུང་གོར་ཡོང་ནས་མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་གྲོས་མོལ་བྱ་རྒྱུའི་རེ་སྒུག་ཡོད་ཅེས་བཤད་པ་ལ། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་གྲོས་མོལ་བརྒྱུད་ནས་གནད་དོན་ཐག་གཅོད་པ་ནི་ལམ་ཁ་ཡང་དག་པ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་། གྲོས་མོལ་བྱེད་པར་ངེས་པར་དུ་རྩ་དོན་ཡོད་དགོས་ཤིང་ཁ་དན་ཚིག་ལ་གནས་དགོས་ཞེས་བཤད།  
    ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཏུ། གསར་འགོད་པ་ཞིག་གིས། ཨ་རིའི་ནོར་དོན་འགོ་ཁྲིད་མུའུ་ནུའུ་ཆིང་གིས་ཚེས་15ཉིན། ཨ་རི་དང་ཀྲུང་གོ་ཕྱོགས་གཉིས་ཀས་མཐོ་རིམ་བར་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་རེས་འཁོར་བཅུ་གཅིག་པར་དགེ་མཚན་ལྡན་པའི་གྲོས་མོལ་གནང་ཡོད་པ་དང་། དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ལའེ་ཐེ་ཞི་ཙེ་དང་ཁོང་གཉིས་ཀྱིས་མི་རིང་བར་པེ་ཅིང་དུ་མུ་མཐུད་གྲོས་མོལ་གནང་བར་ཡོང་རྒྱུར་རེ་སྒུག་བྱས་ཡོད་པ་བསྟན་ཅིང་། ཀྲུང་གོ་ཕྱོགས་ནས་ཨ་རི་ལ་གདན་ཞུས་ཡི་གེ་བསྐུར་ཟིན་ནམ་ཞེས་དྲིས་པ་ལ། 
     ལུའུ་ཁང་གིས། རྒྱལ་སྤྱིའི་ལས་དོན་ཁྲོད། ཀྲུང་གོས་ནམ་ཡང་གྲོས་མོལ་བརྒྱུད་དེ་འགལ་བ་ཐག་གཅོད་བྱེད་པའི་འདོད་ཚུལ་བཟུང་ཡོད། ཀྲུང་གོ་དང་ཨ་རི་བར་གྱི་དཔལ་འབྱོར་འབྲེལ་བའི་ཁྲོད་དུ་གནས་པའི་གནད་དོན་ཐད་ཀྱང་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་བརྒྱུད་ནས་གནད་དོན་ཐག་གཅོད་པ་ནི་ཡང་དག་པའི་ལམ་ཁ་དེ་ཡིན་པར་འདོད། དེ་སྔོན་ཀྲུང་གོ་དང་ཨ་རི་བར་གྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཁྲོད་དུ། ཨ་རིས་གྲོས་མོལ་ལ་ཚང་དགོས་པའི་ཚད་གཞི་དང་རྒྱབ་འགལ་བྱས་པས་གྲོས་མོལ་ལ་དཀའ་ངལ་བཟོས་ཀྱང་། ཀྲུང་གོས་སྔར་བཞིན་ཅི་ནུས་ཀྱིས་རྣམ་འགྱུར་ལེགས་པོ་བསྟན་ཡོད། འདིའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་མཐོང་གསལ་རེད། “ཡིན་ནའང་། ངས་ནན་བཤད་བྱ་དགོས་པ་ཞིག་ལ། གྲོས་མོལ་ལ་དོན་སྙིང་ལྡན་དགོས་ན་ངེས་པར་དུ་ལྷག་བསམ་རྣམ་དག་ཡིན་དགོས་”ཞེས་དང་། “ཨ་རིའི་དེ་སྔའི་གྲོས་མོལ་ཁྲོད་ཀྱི་རྣམ་འགྱུར་ལ་གཞིགས་ན། ང་ཚོས་ངེས་པར་དུ་དོན་དག་གཉིས་ནན་བཤད་དགོས་པ་སྟེ། གཅིག་ནི་ངེས་པར་དུ་རྩ་དོན་སྲུང་དགོས་པ་སྟེ། ངེས་པར་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་བྱེད་དགོས། གཉིས་པ་ནི་ངེས་པར་དུ་ཁ་དན་ཚིག་ལ་གནས་དགོས་པ་སྟེ། ཁ་བཤད་དོན་དང་མཐུན་པ་ལས། བརྒྱ་བཤད་སྟོང་འགྱུར་བྱ་མི་ཆོག”ཅེས་ལུའུ་ཁང་གིས་བཤད།