འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་17ཉིན།

༄༅།།ཡོ་རོབ་དབུས་མ་དང་ཤར་མར་ཀྲུང་གོའི་མཚོ་སྔོན་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་
ཐེངས་དང་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་17ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་སོ་ཧྥེ་ཡ་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། 2019ལོའི“ཀྲུང་གོ་ཤེས་ཚོར་བྱེད། མཛེས་སྡུག་ལྡན་པའི་མཚོ་སྔོན”ཞེས་པའི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་པུར་ཀ་རི་ཡའི་རྒྱལ་ས་སོ་ཧྥེ་ཡར་བྱེད་འགོ་ཚུགས་པ་དང་། འདི་ནི་ཀྲུང་གོའི་མཚོ་སྔོན་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཡོ་རོབ་དབུས་མ་དང་ཤར་མའི་རྒྱལ་ཁབ་ཏུ་བྱེད་ཐེངས་དང་པོ་རེད།
     ད་ཐེངས་ཀྱི་འགྲེམས་སྟོན་ལ་ཁྱོན་བརྩམས་ཆོས་200ལྷག་ཙམ་དང་། རྩེར་སོན་ཐང་ག་དང་བོད་ཀྱི་འཚེམ་དྲུབ། འགེལ་རུམ། བལ་གྱི་སྟོད་ལྷེ་སོགས་ལག་ཤེས་བཟོ་རྩལ་ཐོན་རྫས་10ལྷག་ཙམ་འགྲེམས་སྟོན་བྱས་ནས། པུར་ཀ་རི་ཡའི་དམངས་ཚོགས་ཀྱིས་ཀྲུང་གོའི་མཚོ་སྔོན་གྱི་ལྟ་ན་སྡུག་པའི་རང་བྱུང་ཡུལ་ལྗོངས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རིག་གནས། སྣ་མང་ཕུན་སུམ་ཚོགས་པའི་རྒྱུན་གཏན་འཚོ་བ་སྐྱེལ་སྟངས་བཅས་ཤེས་ཚོར་ཐུབ་པར་བྱེད་རྒྱུ་རེད།
     བོད་ཀྱི་ཐང་གའི་སྒྱུ་རྩལ་དགེ་རྒན་ཆེ་མོ་བ་ཤ་བོ་སྐྱབས་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། པུར་ཀ་རི་ཡའི་ལྟ་སྐོར་བ་ཚོས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ལ་ཧ་ཅང་དགའ་པོ་བྱེད་པ་མཐོང་སྐབས་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ཞེས་བཤད་པ་དང་། ཁོང་གིས་ཐང་གའི་སྒྱུ་རྩལ་ལ་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ད་ཆ་མཚོ་སྔོན་དུ་ཐང་ག་བྲིས་པ་བརྒྱུད་རིག་གནས་རྒྱུན་འཛིན་ཐུབ་པ་མ་ཟད། ད་དུང་དབུལ་སྒྲོལ་ཕྱུག་འགྱུར་ཡང་ཡོང་གི་ཡོད་ཅེས་བཤད།
     སོ་ཧྥེ་ཡ་གྲོང་ཁྱེར་གྱི་གྲོང་མི་ཝུའེ་ལེ་ཝས་ང་རང་ཐང་གར་ཧ་ཅང་དགའ་པོ་ཡོད། ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་བསམ་བཀོད་དང་ཐུན་མིན་གྱི་ལག་ཤེས་ལ་བརྟེན་ནས་བཞེངས་པའི་སྒྱུ་རྩལ་བརྩམས་ཆོས་འདི་རིགས་མི་རྣམས་ཡིད་དབང་འཕྲོག་པ་ཞིག་འདུག་ཅེས་གསར་འགོད་པར་བཤད།
     པུར་ཀ་རི་ཡ་ནི་ད་ཐེངས་མཚོ་སྔོན་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཕྱི་རྒྱལ་དུ་འགྲེམས་སྟོན་བྱེད་ཡུལ་གཉིས་པ་དེ་ཡིན་པ་དང་། དེ་གོང་ཀེ་རི་སེར་འགྲེམས་སྟོན་བྱས་པ་རེད།