འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་17ཉིན།

༄༅།།ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གྱི་ཕན་འབྲས་
མངོན་གསལ་དོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་17ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    དོ་གནད།
     2018ལོར། རྒྱལ་ཡོངས་སྲིད་འཛིན་ཁྲིམས་སྐྱོང་སྡེ་ཚན་གྱིས་དབང་གནོད་དང་རྫུས་མ་ཡིན་པའི་གྱོད་གཞི་ཁག་ཁྲི་21.5ཞིབ་བཤེར་ཐག་གཅོད་བྱས།
     དེའི་ནང་ཁེ་བེད་བདག་ཐོབ་ཀྱི་དབང་གནོད་དང་རྫུས་མ་ཡིན་པའི་གྱོད་གཞི་ཁག་ཁྲི་7.7དང་།
     ཚོང་རྟགས་ཁྲིམས་འགལ་གྱི་གྱོད་གཞི་ཁག་ཁྲི་3.1
     དབང་གནོད་དང་པར་དབང་རྐུ་སྤྱོད་ཀྱི་གྱོད་གཞི་ཁག་2500ལྷག་ཙམ།
     འགག་སྒོ་ལས་ཁུངས་ཀྱིས་ས་མཚམས་ནས་སྒྲོལ་བའི་དབང་གནོད་དངོས་རྫས་ཁག་ཁྲི་4.72དང་ཁག་ཁྲི་2480ཞིབ་བཤེར་བཀག་ཉར་བྱས་པ་སོགས།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་15ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ《ཀྲུང་གོའི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ཚོང་གཉེར་ཁོར་ཡུག་གི་འཕེལ་རིམ་གསར་པའི་སྐོར་གྱི་སྙན་ཞུ(2018)》ཡོངས་བསྒྲགས་བྱས་ཤིང་། སྙན་ཞུ་ནང་མངོན་པར། 2018ལོར་ཀྲུང་གོའི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཡོངས་ཀྱི་དབང་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀན་ལིན་གྱིས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི《2018ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྙན་ཞུའི》ནང་། ཀྲུང་གོ་མིང་གྲལ་ཨང་17ལ་སླེབས་ནས་ལོ་གོང་མ་ལས་མིང་གྲལ་5འཕར་ཏེ་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྟོབས་ཆེན་20ཡི་གྲས་སུ་ཐོག་མར་ཚུད་པ་རེད།
     ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པར་རང་རྒྱལ་གྱིས་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་སྲིད་འཛིན་ཁྲིམས་སྐྱོང་དང་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང། སྡེ་ཚན་དང་ས་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཅས་བཏང་ཡོད། བཅའ་ཁྲིམས་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་བཏང་ནས《གློག་རྡུལ་ཚོང་དོན་བཅའ་ཁྲིམས》དང《ཁེ་བེད་བདག་ཐོབ་ཚབ་གཉེར་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པར་བཟོ་བཅོས་བརྒྱབ་ཡོད། སྲིད་འཛིན་ཁྲིམས་སྐྱོང་དེ་བས་ནན་པོ་བྱས་ནས་2018ལོར་རྒྱལ་ཡོངས་སྲིད་འཛིན་ཁྲིམས་སྐྱོང་སྡེ་ཚན་གྱིས་དབང་གནོད་དང་རྫུས་མ་ཡིན་པའི་གྱོད་གཞི་ཁག་ཁྲི་21.5ཞིབ་བཤེར་ཐག་གཅོད་བྱས་པའི་ནང་། ཁེ་བེད་བདག་ཐོབ་ཀྱི་དབང་གནོད་དང་རྫུས་མ་ཡིན་པའི་གྱོད་གཞི་ཁག་ཁྲི་7.7དང་། ཚོང་རྟགས་ཁྲིམས་འགལ་གྱི་གྱོད་གཞི་ཁག་ཁྲི་3.1 དབང་གནོད་དང་པར་དབང་རྐུ་སྤྱོད་ཀྱི་གྱོད་གཞི་ཁག་2500ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་འགག་སྒོ་ལས་ཁུངས་ཀྱིས་ས་མཚམས་ནས་སྒྲོལ་བའི་དབང་གནོད་དངོས་རྫས་ཁག་ཁྲི་4.72དང་ཁག་ཁྲི་2480ཞིབ་བཤེར་བཀག་ཉར་བྱས་པ་རེད། ཁྲིམས་འཛིན་སྲུང་སྐྱོང་དེ་བས་ནུས་ལྡན་བྱས་ཏེ་སྤྱི་བདེ་ལས་ཁུངས་ཀྱིས་དབང་གནོད་དང་རྫུས་མ་ཡིན་པའི་གྱོད་གཞི་ཁག་ཁྲི་1.9ཞིབ་བཤེར་རྩད་ཆོད་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཤེས་བྱའི་བདག་དབང་ལ་གནོད་འཚེ་བཏང་བ་དང་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞི་ཁག་3306དང་མི་5627འཛིན་བཟུང་བྱས་པ། རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་ཁག་གི་ཤེས་བྱའི་བདག་དབང་གི་གྱོད་གཞི་ཁག་ཁྲི་32འདྲི་གཅོད་བྱས་པ་དེ་དུས་མཚུངས་ལས་41.6%འཕར་བ་བཅས་རེད། དབང་གནོད་དང་རྫུས་མ་ཡིན་པའི་ཚོང་ཟོག་ཁྲིམས་ལྟར་མེར་བསྲེགས་ནས་རྒྱལ་ཡོངས་སུ་དབང་གནོད་དང་རྫུས་མ་ཡིན་པའི་ཚོང་ཟོག་ཏུན་3500ལྷག་ཙམ་གནོད་མེད་ངང་མེར་བསྲེགས་པ་རེད། རྒྱལ་སྤྱིའི་མཉམ་ལས་དེ་བས་གཏིང་ཟབ་ཏུ་ཕྱིན་པ་དང《“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་གི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》ལ་གྲོས་འཆམ་བྱུང་བ་དང《ཀྲུང་གོ་དང་ཡོ་རོབ་ཀྱི་འགག་སྒོ་ལས་ཁུངས་ཀྱི་ཤེས་བྱའི་བདག་དབང་མཉམ་ལས་ཀྱི་བྱ་སྤྱོད་འཆར་གཞི(2018-2020ལོ་བར)》སོགས་ལ་མིང་རྟགས་བཀོད་པ་རེད།
     ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་རང་རྒྱལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཚོང་གཉེར་ཁོར་ཡུག་ཁྲིམས་སྐྱོང་ཅན་དང་། རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཆེས་ཆེར་བཏང་ཡོད། འགག་སྒོ་ལས་ཁུངས་དང་། མཐའ་མཚམས་ཞིབ་བཤེར། མཚོ་དོན་བཅས་ཀྱི་ཐེངས་གཅིག་རང་གི་མཉམ་འབྲེལ་ཞིབ་བཤེར་བྱ་རྒྱུར་སྐུལ་འདེད་བཏང་བས་ནང་འདྲེན་ཕྱིར་གཏོང་གི་སྤྱིའི་འགག་སྒྲོལ་དུས་ཚོད་ལོ་གོང་མ་ལས་56.4%དང་61.2%སོ་སོར་ཐུང་དུ་ཕྱིན་པ་རེད། ཁེ་ལས་གསར་འཛུགས་ཀྱི་དུས་ཚོད་ཐུང་དུ་ཆེས་ཆེར་བཏང་ནས་དེ་སྔའི་ཆ་སྙོམས་ཉིན་20ཡིན་པ་ནས་ཉིན་8དང་ཉིན་ཕྱེད་ནང་ཚུན་དུ་ཐུང་དུ་བཏང་བ་དང་། རྒྱལ་ཡོངས་སུ“དཔང་ཡིག་དང་ལག་ཁྱེར་ལོགས་སུ་དབྱེ་བའི”སྒྱུར་བཅོས་ཁྱབ་གདལ་བཏང་སྟེ“ཞུཌ་ཆོག་ཀྱང་གཉེར་མི་ཆོག་པའི”དཀའ་གནད་བསལ་བ་དང“སྟབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་བ་རེད། 2018ལོའི་ཕྱི་ཕྱོགས་ཚོང་པའི་མ་འཇོག་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཡོངས་བསྒྲགས་བྱས་ཏེ་ཆོག་འཐུས་ཚོད་འཛིན་སྔར་བས་ལྷུག་ཏུ་བཏང་བ་དང་བཀག་རྒྱའི་གསལ་ཐོ་ཕུད་པའི་ཁྱབ་ཁོངས་སུ་ཕྱི་ནང་མ་རྩ་གཅིག་གྱུར་གྱི་རྩ་དོན་ལྟར་ཆོག་འཐུས་གོང་གི་རྒྱལ་དམངས་ཀྱི་ཐོབ་ཐང་ལག་བསྟར་བྱས་པར་མིག་སྔར་ཞིབ་མཆན་འགོད་སྟངས་ལ་བརྟེན་ནས་བཙུགས་པའི་ཕྱི་ཕྱོགས་ཚོང་པའི་མ་འཇོག་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་1%ཀྱང་ཟིན་མེད། འཛམ་གླིང་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི《2019ལོའི་ཚོང་གཉེར་ཁོར་ཡུག་སྙན་ཞུའི》ནང་2018ལོར་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་ཚད་གོ་ལ་ཧྲིལ་པོའི་ཨང་གསུམ་པར་སླེབས་པ་དང་ཨེ་ཤེ་ཡ་ཤར་རྒྱུད་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཨང་དང་པོར་སླེབས་པ་མཚོན་པ་རེད།