འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་16ཉིན།

༄༅།།ཀྲུང་གོ་དང་ཨ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ལཱ་སི་ཝེ་ཅ་སིར་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་16ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་ཅ་སི་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། 2019ལོའི་ཀྲུང་གོ་དང་ཨ་རིའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ཨ་རིའི་ནེ་ཧྭ་ཏ་ཀྲོའུ་ལཱ་སི་ཝེ་ཅ་སིར་གཏོང་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་འགྲེམས་ཚོགས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་དང་སྤེལ་རེས་ལ་སྐུལ་མ་གཏོང་རྒྱུ་དེ་རེད།
     ད་ཐེངས་དུས་ཡུན་ཉིན་གསུམ་ཡིན་པའི་བྱེད་སྒོ་དེ་ལཱ་སི་ཝེ་ཅ་སི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། དེས་ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་གྲོང་ཁྱེར་དང་། མཛེས་ལྗོངས་གྲགས་ཅན་ཁུལ། འཛམ་གླིང་ཤུལ་བཞག་དང་མངོན་མིན་རིག་གནས་ཤུལ་བཞག་སོགས་བརྗོད་དོན་མང་པོར་གཞིགས་ནས་སྤེལ་ཡོད་པ་རེད།
     གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཀྲུང་གོ་དང་ཨ་རིའི་རིག་གནས་དང་། ཡུལ་སྐོར། ལག་ཤེས་བཟོ་ལས་བཅས་ཀྱི་འགྲེམས་ཞུགས་ཚོང་པ་140ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་དེའི་ནང་ཀྲུང་གོའི་འགྲེམས་ཞུགས་ཚན་པ་65ཡོད་པ་རེད།
     ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཝང་ཏུང་ཧྭ་ཡིས་དེ་ཉིན་གྱི་འགོ་འཛུགས་མཛད་སྒོའི་ཐོག་རིག་གནས་ནི་རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་སྒྲོག་ཐག་གལ་ཆེན་ཞིག་དང་། ཡུལ་སྐོར་ནི་རྒྱལ་ཁབ་ཁག་གི་རིག་གནས་སྤེལ་རེས་ལ་སྐུལ་མ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད་ཅེས་གསུངས་ཤིང་། ཁོང་གིས་རིག་གནས་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེས་ཀྲུང་གོ་དང་ཨ་རིའི་དབར་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་རིའི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་གལ་འགངས་ཆེ་བ་ཞིག་ཡིན་ཞེས་གསུངས་པ་རེད།
     ལཱ་སི་ཝེ་ཅ་སི་གྲོང་ཁྱེར་བྱང་མའི་གྲོས་མི་ལི་ཁྲ་ཏེ·ཆེར་ཆའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དབར་གྱི་རིག་གནས་སྤེལ་རེས་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་སློབ་སྦྱོང་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།