འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་16ཉིན།

༄༅།།ཕྱི་འབྲེལ་པུས། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་ཀྱི་གནོན་ཤུགས་གང་རུང་
ཞིག་ལ་མགོ་སྒུར་མི་སྲིད། ཨ་རི་ཕྱོགས་ཀྱིས་སྔ་ཙམ་དུས་བབ་གསལ་
རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་16ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོས་ཚོང་དོན་འཁྲུག་རྩོད་རྒྱག་མི་འདོད་པ་ཙམ་ལས་དེར་སྐྲག་པ་ཞིག་གཏན་ནས་མིན། ཨ་རི་ཕྱོགས་ཀྱིས་སྔ་ཙམ་དུས་བབ་གསལ་རྟོགས་བྱས་ཏེ་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་ནས་ཀྲུང་གོ་དང་ཕྱོགས་མཐུན་མདུན་སྐྱོད་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གཉིས་ཁེ་གཉིས་ཕན་གྱི་གྲོས་མཐུན་ཞིག་ཆགས་རྒྱུའི་བརྩོན་ལེན་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཉིན་ཤས་བསྟུད་མར་ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་3000ཙམ་རི་བའི་ཀྲུང་གོས་ཨ་རིར་བཏང་བའི་ཐོན་རྫས་ཀྱི་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུ་ཡིན་ཞེས་འཇིགས་སྣང་ཐེངས་མང་སྐུལ་བ་མ་ཟད། ཟླ་6ཚེས་17ཉིན་དེའི་ཐད་དཔང་ཉན་ཚོགས་འདུ་འཚོག་རྒྱུ་ཡིན་ཞེས་སླར་ཡང་བརྗོད་ཡོད། གསར་འགོད་པ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
     “སྒོ་ཁྲལ་ཐོལ་པ་བསྡུས་ཚེ་གནད་དོན་གང་ཡང་ཐག་གཅོད་མི་ཐུབ་པ་དང་། ཚོང་དོན་དམག་རྩོད་བསླངས་ཚེ་མི་འཕུང་རང་བརླག་ཡོང་རྒྱུ་ལས་མ་འདས་ཞེས་ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་ཡང་ཡང་བྱས་ཡོད”གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀེང་ཧྲོང་གིས“ཀྲུང་གོས་ཚོང་དོན་འཁྲུག་རྩོད་རྒྱག་མི་འདོད་པ་ཙམ་ལས་དེར་སྐྲག་པ་ཞིག་གཏན་ནས་མིན། གལ་སྲིད་རང་ཁྱིམ་གྱི་སྒོ་རྩར་རྙོག་དྲ་བསླངས་ཚེ་ང་ཚོས་ཁ་གཏད་མཐའ་འཁྱོལ་བ་གཅོག་སྲིད”ཅེས་གསུངས་པ་རེད།
     ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཕྱོགས་ཀྱི་གནོན་ཤུགས་གང་རུང་ཞིག་ལ་མགོ་སྒུར་མི་སྲིད། ང་ཚོར་རང་ཉིད་ཀྱི་ཁྲིམས་མཐུན་དང་ལུགས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་ཐུབ་པའི་ཆོད་སེམས་དང་ནུས་པ་ཡོད་ཅེས་གསུངས་པ་རེད།
     ཁོང་གིས་ན་ནིང་ཚུན་དུ་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གཏམ་སྤྱོད་ལ་ལན་སློག་པའི་སྐོར་ཕྱིར་དྲན་གནང་བ།
     —— ན་ནིང་ཟླ་4པར་ཨ་རི་ཕྱོགས་ཀྱིས་ཀྲུང་གོས་ཨ་རིར་བཏང་བའི་ཐོན་རྫས་ཀྱི་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུའི་ཁྱབ་བསྒྲགས་ཐོག་མར་བྱས་རྗེས་ཀྲུང་གོ་ཕྱོགས་ཀྱིས་འཕྲལ་དུ་ནུས་ལྡན་གྱི་ལན་སློག་ཡོད། དེ་རྗེས་ཨ་རི་ཕྱོགས་ཀྱིས་འཇིགས་སྐུལ་གསར་པ་ཡང་ཡང་བྱས་ནས་སྒོ་ཁྲལ་ཐོལ་པ་བསྡུ་བའི་བྱེད་ཐབས་དངོས་སུ་ལག་བསྟར་ཐེངས་ཁ་ཤས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་འཕྲལ་དུ་དེར་མཐའ་གཅིག་ཏུ་རྒོལ་ལན་སློག་ཡོད།
     ——གཟའ་འཁོར་གོང་མར་ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་2000ཟིན་པའི་ཨ་རིར་བཏང་བའི་ཀྲུང་གོའི་ཐོན་རྫས་ཀྱི་སྒོ་ཁྲལ་ཐོལ་པ་བསྡུ་བའི་ཁྲལ་ཚད་10%ནས་25%བར་སྤོར་རྒྱུའི་འཇིགས་སྐུལ་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལབ་གླེང་མང་བ་དང་དངུལ་རྩའི་ཁྲོམ་རར་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། སྐབས་དེ་དུས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་འཇིགས་སྐུལ་དེ་རིགས་ཐེངས་དང་པོ་མིན་པ་དང་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་རྣམ་འགྱུར་བརྟན་པོ་དེ་ཨ་རི་ཕྱོགས་ཀྱིས་གསལ་པོ་རྟོགས་ཀྱི་ཡོད་ཅེས་བཤད་པ་དང་། དེ་དང་ཆབས་ཅིག་ང་ཚོས་ཨ་རི་ཕྱོགས་ལ་ལུགས་སྒྱུར་ཐབས་སྒྱུར་བྱས་ཏེ་ཀྲུང་གོ་ཕྱོགས་དང་ཕྱོགས་མཐུན་མདུན་སྐྱོད་ཀྱིས་གཉིས་ཁེ་གཉིས་ཕན་གྱི་གྲོས་མཐུན་ཆགས་པའི་བརྩོན་ལེན་བྱ་རྒྱུའི་རེ་འབོད་བྱས། ཀྲུང་གོ་ཕྱོགས་ཀྱི་བབ་བརླིང་དང་དགེ་མཚན་ལྡན་པའི་བྱེད་སྟངས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཡོངས་ཁྱབ་ངང་ཐོབ་ཡོད།
     —— དེ་རྗེས་ཀྲུང་གོ་ཕྱོགས་ཀྱི་གྲོས་མོལ་ཚོགས་པ་ཨ་རིར་བསྐྱོད་ནས་གྲོས་མོལ་བྱས་ཏེ་འགན་འཁུར་བའི་བྱ་སྤྱོད་ཐོག་ནས་འགལ་བ་སེལ་རྒྱུར་སྐུལ་འདེད་གཏོང་བའི་ཟོལ་མེད་ཀྱི་རྣམ་འགྱུར་མངོན་པར་བྱས་མོད། འོན་ཀྱང་ཨ་རི་ཕྱོགས་ཀྱི་མི་ཁག་གཅིག་གིས་དུས་བབ་ལ་གོ་འཛོལ་ཐེབས་ནས་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཀྲུང་གོ་ཕྱོགས་ཀྱི་ཆོད་སེམས་དང་བློ་སྟོབས་ལ་སྣང་ཆུང་བྱས་ཏེ་མུ་མཐུད་མཐོང་ཐོས་རབ་རིབ་བཟོ་བ་དང་རང་དགར་སྒོ་ཁྲལ་སྤོར་གྱི་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ཁས་གཏན་ནས་ལེན་རྒྱུ་མེད་པས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད།
     —— ཟླ་5ཚེས་10ཉིན་ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་2000ཟིན་པའི་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་25%བར་སྤོར་རྒྱུ་ཡིན་ཞེས་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། ཚེས་13ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་བྱེད་ཐབས་ཁྱབ་བསྒྲགས་བྱས་ཡོད། དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་ཚོང་དོན་ལམ་སྲོལ་ལ་སྲུང་སྐྱོང་དང་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་བློ་སྟོབས་མཚོན་ཡོད།
     “ཨ་རིའི་འགྱུར་ལྡོག་ཆེན་པོ་དང་གནོན་ཤུགས་ཆེན་པོར་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བབ་བརླིང་གི་རྣམ་འགྱུར་བསྟན་གྱི་ཡོད”ཀེང་ཧྲོང་གིས“ང་ཚོས་ཨ་རི་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་སྟངས་ལ་བལྟ་ཙམ་བྱེད་པ་དང་། ལས་རིགས་ཁག་གི་མི་སྣའི་འབོད་སྒྲར་ཉན་ཙམ་བྱེད་པ། རང་ངོས་ཀྱི་ཁེ་ཕན་གྱི་ཁེ་གྱོང་ལ་རྩིས་རྒྱག་ཙམ་བྱེད་པ་བཅས་བྱས་ནས་སྔ་ཙམ་དུས་བབ་གསལ་རྟོགས་དང་ཡང་དག་ལམ་བུའི་ཐོག་བསྐྱོད་དེ་ཀྲུང་གོ་ཕྱོགས་དང་ཕྱོགས་མཐུན་མདུན་སྐྱོད་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གཉིས་ཁེ་གཉིས་ཕན་གྱི་གྲོས་མཐུན་ཆགས་རྒྱུའི་བརྩོན་ལེན་བྱེད་དགོས”ཞེས་གསུངས་པ་རེད།