འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་14ཉིན།

༄༅།།ཀྲུང་གོ་དང་ཡོ་རོབ་ཀྱི་མི་སྣས“རྒྱུད་གཅིག་ལམ་གཅིག” གི་གྲོས་འགོ་ཚ་ཚ་འུར་འུར་
ངང་གླེང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་14ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཡོ་རོབ་རྒྱལ་ཁབ་ནས་ཡོང་བའི“རྒྱུད་གཅིག་ལམ་གཅིག”སྲིད་ཇུས་ཞིབ་འཇུག་རིགས་གཅིག་མཁས་ཅན་སོགས་མི་སྣས་པུ་རུ་སེར་དུ་གླེང་སྟེགས་ཀྱི་བྱེད་སྒོར་ཞུགས་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཤེས་རྟོགས་གཏིང་ཟབ་བྱེད་འདོད་ན་ངེས་པར་དུ་དེའི་ནང་ཞུགས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱིས་མཉམ་དུ་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་སྔར་བས་ལེགས་པ་བྱ་རྒྱུ་རེད་ཅེས་བརྗོད།
     དུས་ཡུན་ཉིན་གཉིས་ཀྱི་ཡོ་རོབ་བཟོ་ཚོང་དབུ་ཚོགས་དེ་ཚེས་6ཉིན་པུ་རུ་སེར་དུ་འགོ་ཚུགས་པ་དང་སྦྲགས། ཉིན་དེར“ཚད་གཞི་མཐོ་བའི་ཀྲུང་གོ་དང་ཡོ་རོབ་ཕན་ཚུན་སྦྲེལ་མཐུད་བྱེད་པའི་འཐབ་ཇུས་འབྲེལ་མཐུད”ཀྱི་གླེང་སྟེགས་ཀྱང་གཉེར་ཞིང་། ཀྲུང་གོ་དང་ཡོ་རོབ་ཀྱི་མི་སྣས་གླེང་སྟེགས་ཐོག“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མཉམ་ལས་ཐད་གྲོས་བསྡུར་བྱས་པ་རེད།
     ཡོ་རོབ་དབྱི་ཧུའེ་གྲོས་ཚོགས་ཡོ་ཀྲུང་མཛའ་གྲོགས་ཚོགས་ཆུང་གི་ཀྲུའུ་ཞི་ཏེ་ཝ་ཡིས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཐོག་མའི་ཐ་སྙད་ནས་ད་ཆའི་མཉམ་ལས་བར་རིམ་བཞིན་རྒྱ་ཆེར་བཏང་ནས་ལོ་6ཙམ་ཕྱིན་ཡོད། ཉེ་བའི་ལོ་6ཙམ་རིང་། ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་དངོས་ཟོག་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་6ལས་བརྒལ་བ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ལ་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་900ལས་བརྒལ་བ་བཏང་ནས་ལམ་རྒྱུད་རྒྱལ་ཁབ་དང་མཉམ་དུ་མངའ་ཁོངས་ཕྱིའི་མཉམ་ལས་ཁུལ་ཁག་གཅིག་བཙུགས་པས་ས་གནས་དེ་གའི་དཔལ་འབྱོར་འཕར་བ་དང་ཐོན་ལས་མཉམ་བསྡུས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
     འཇར་མན་གྱི་ལག་རྩལ་མཉམ་ལས་ཀུང་སིའི་རྒྱལ་ཁོངས་ཀྱི་ཀྲུའུ་རེན་ཟུར་པ“རྒྱུད་གཅིག་ལམ་གཅིག”གི་དམིགས་བསལ་བློ་འདྲི་བ་ཨ་སི་ཐེ་ལེ་ཏེ·སི་ག་ལ་ཁུའུ་མའེ་ཡིས། “རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་བྱེད་པར“ཐབས་ཤེས་ཡག་ཤོས་ནི་དེའི་ནང་ཞུགས་ནས་རྣམ་གྲངས་བསྐྲུན་རྒྱུ་དེ་ཡིན་པས། དེ་ནི་རྒྱང་ལྟ་དང་བསམ་བློ་ཞིབ་གཏོང་བྱེད་པ་ལས་ལྷག་པ་ཡོད་པའི”ངོས་འཛིན་བྱས།
     ཡོ་རོབ་ལས་རིགས་རྩ་འཛུགས་ཀྱི“ཚོང་ལས་ཡོ་རོབ”ཀྱི་རྒྱལ་སྤྱིའི་འབྲེལ་བའི་ཀྲུའུ་རེན་ལུའུ་དབྱི་ཧྲ·སང་ཐོ་སི་ཡིས། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་འགྲེལ་བཤད་དེ་བས་ཞིབ་ཚགས་པ་བརྒྱབ་ནས་ཡོ་རོབ་རྒྱལ་ཁབ་དེ་བས་མང་བས་ཤེས་རྟོགས་ཐུབ་པ་བྱེད་དགོས་པ་དང་ཆབས་ཅིག འབྲེལ་ཡོད་ཆ་རྐྱེན་དང་རྣམ་གྲངས་ཇུས་འགོད་ཐད། ཡོ་རོབ་ཀྱི་ཚོང་ལས་ལམ་ལུགས་དང་འབྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་རྒྱག་དགོས་ངེས་ཡིན་པའི་གྲོས་འགོ་བཏོན་ཡོད།