འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་13ཉིན།

༄༅།།ཐེ་རོམ་ཕུ་ཡིས་ཧྲ་ནཱ་ཧན་རྒྱལ་སྲུང་པུའུ་ཀྲང་ལ་མིང་འདོན་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་10ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་9ཉིན། ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཆེན་མོ་སང་ཏེ་སི་ཡིས། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ད་ལོའི་ལོ་གསར་ནས་བཟུང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་ཚབ་འགན་འཁུར་བའི་ཕཱ་ཐེ་ལི་ཁེ་ཧྲ་ནཱ་ཧན་ལ་དངོས་སུ་ཟུར་ལྔའི་ཁང་ཆེན་གྱི་དབང་ཆ་སྤྲོད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
     ཉིན་དེའི་གསལ་བསྒྲགས་ནང་སང་ཏེ་སི་ཡིས། འདས་པའི་ཟླ་འགའི་ནང་ཧྲ་ནཱ་ཧན་གྱིས་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་ཚབ་འགན་ཡག་པོ་འཁུར་ཡོད་པ་དེས་ཁོང་ལ་རྒྱལ་སྲུང་པུའུ་ལ་འགོ་ཁྲིད་བྱེད་ནུས་ཡོད་པ་བདེན་དཔང་བྱས་ཡོད་རྐྱེན། ཐེ་རོམ་ཕུ་ཡིས་ཁོང་ཉིད་དངོས་སུ་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་མིང་འདོན་རྒྱུའི་འཆར་གཞི་ཡོད་པར་བཤད།
     ཧྲ་ནཱ་ཧན་ནི་ད་ལྟ་ལོ་56ཡིན་ཞིང་། དེ་སྔོན་པའོ་དབྱིན་གནམ་གྲུ་ཀུང་སིར་ལས་ཀ་ལོ་མང་པོ་བྱས་མྱོང་བ་དང་། 2017ལོའི་ཟླ་3པར། ཐེ་རོམ་ཕུ་ཡིས་ཨ་རིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པར་མིང་བཏོན་ཞིང་ལོ་དེའི་ཟླ་7པར་ལས་འགན་འཁུར་བ་རེད། 2019ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ཁོང་གིས་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཟུར་པ་མ་ཏི་སི་ཡི་འགན་བླངས་ནས་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་ཚབ་འགན་འཁུར། རྒྱལ་སྲུང་པུའུ་ལ་མ་ཞུགས་གོང་དུ་ཧྲ་ནཱ་ཧན་ལ་དམག་དོན་དང་ཕྱི་འབྲེལ་སོགས་ཀྱི་ཁྱབ་ཁོངས་སུ་སྲིད་དོན་བསྒྲུབས་པའི་ཉམས་མྱོང་མེད།
     ཨ་རིའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཧྲ་ནཱ་ཧན་ནི་ཨ་རིས་“མཁའ་དབྱིངས་དམག”འཛུགས་པར་རྒྱབ་སྐྱོར་བྱེད་མཁན་གྲས་ཀྱི་གཙོ་བོ་ཞིག་ཡིན་ལ། ཁོང་གིས་ཐེ་རོམ་ཕུ་སྲིད་གཞུང་གིས་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐབས་ཇུས་ཀྱི་སྙན་ཞུ་གསར་པ་བཟོ་བའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་པ་མ་ཟད། ད་དུང་ཨ་རི་དང་མོ་ཞི་ཁོའི་བར་གྱང་བསྐྲུན་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཡོད།