འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་9ཉིན།

༄༅།།སློབ་གསོ་པུའི་པུའུ་ཀྲང་གིས་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་ཁྲི་སྟོང་ལས་བརྒལ་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་09ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། སློབ་གསོ་པུས་ཚེས་6ཉིན། རྒྱལ་ཁབ་སློབ་གསོའི་གཅིག་གྱུར་རྒྱུགས་ལེན་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མིའི་ཚན་པ་དང་མཉམ་འབྲེལ་ཐོག་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། 2019ལོའི་མཐོ་རྒྱུགས་ཀྱི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཕྱོགས་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་ཚོགས་འདུའི་ཐོག་འདི་ལོ་མཐོ་རྒྱུགས་ལ་མིང་ཐོ་འགོད་མཁན་ཁྲི་སྟོང་ལས་བརྒལ་ཡོད་པས་མཐོ་སློབ་ཀྱི་རྒྱུགས་ལེན་སློབ་བསྡུའི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་པོ་ཞིག་རེད་ཅེས་བརྗོད།
     ཁྲེན་པའོ་ཧྲེང་གིས་བདེ་འཇགས་ཀྱི་འགན་འཁྲི་སླར་ཡང་དོན་འཁྱོལ་བྱས་ནས“འགན་འཁྲིའི་ཕྲེང་བ་ལྟ་བུ་ཞིག”ཆགས་པ་བྱེད་དགོས་པ་དང་། འགན་འཁྲི་ཏན་ཏིག་འཁུར་བ་དང་། འགན་འཁྲི་ཁ་གསལ་དུ་གཏོང་བ། འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་གཅིག་ལ་གཅིག་སྦྲེལ་གྱི་འགན་འཁྲིའི་མ་ལག་ཅིག་འཛུགས་དགོས་པ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སླར་ཡང་ནན་དུ་བཏང་སྟེ“གནད་འགག་ཆེ་སར”དམ་འཛིན་ནན་པོ་བྱེད་དགོས་པ། རྒྱུགས་ཤོག་གི་བདེ་འཇགས་འགག་སྒོ་དང་། རྒྱུགས་རའི་སྒྲིག་འཛུགས་འགག་སྒོ རྒྱུགས་ཤོག་བཅོས་གཟིགས་ཀྱི་སྤུས་ཚད་འགག་སྒོ བསྡུ་ལེན་གྱི་གཞུང་དྲང་འགག་སྒོ་བཅས་ནན་པོ་སྲུང་བ་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ནས་སྐྱོན་ཆ་ཡོད་ན་གསབ་པ་དང་། གནས་ཚུལ་ཐོན་མ་ཐག་སྔོན་འགོག ཁུངས་སྣེ་ཡོད་ན་རྩད་ཞིབ་མཐར་ཕྱིན་བཅས་བྱེད་ཐུབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
     ཁྲེན་པའོ་ཧྲེང་གིས་རྒྱུགས་ལེན་གྱི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་། ཡང་དག་པའི་མི་སྐྱོང་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། “མཐོ་རྒྱུགས་རྩེ་གྲ”དང“མཐོ་རྒྱུགས་སློབ་རིམ་འཕར་ཚད”དྲིལ་བསྒྲགས་གཏན་འགོག་བྱེད་པ། སློབ་འབྲིང་གི་མཐོ་རྒྱུགས་སྦྱར་ཡིག་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་མཐོ་རྒྱུགས་སྐོར་གྱི་འུད་སྒྲོག་གཏན་འགོག་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།