འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་7ཉིན།

༄༅།།སི་ཁྲོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་སྐོར་གཟིགས་པ་ཟུར་པ་ཁྲེན་
ཡུང་ཏང་ནང་ནས་ཕྱིར་ཕུད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་06ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
       མི་དམངས་དྲ་བའི་འཕྲིན། ཟླ5ཚེས5ཉིན། སི་ཁྲོན་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་དོན། ཉེ་ཆར། སི་ཁྲོན་ཞིང་ཆེན་ཏང་ཨུས་ཆོག་མཆན་སྤྲད་པ་བརྒྱུད། ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ཟས་རིགས་སྨན་རྫས་ལྟ་ཞིབ་དོ་དམ་ཅུས་ཀྱི་སྐོར་གཟིགས་པ་ཟུར་པ་ཁྲེན་ཡུང་གི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་གྱོད་ཐོ་འགོད་པའི་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད། 
    ཞིབ་བཤེར་བྱས་པར་བརྒྱུད། ཁྲེན་ཡུང་གི་དད་འདུན་མི་བརྟན་ཅིང་། རྩ་འཛུགས་ལ་མི་བསྟུན་པ་དང་། མི་སྒེར་གྱི་རྒྱུ་ནོར་གྱི་གནས་ཚུལ་སྦས་ཏེ་རྩ་འཛུགས་ལ་གཡོ་བྱས། མ་ཟད་སྨན་རྫས་ལྟ་སྐུལ་དོ་དམ་གྱི་དབང་ཆ་མི་སྒེར་གྱི་ཁེ་ཕན་ཐོབ་པའི་ལག་ཆར་བསྒྱུར་པ་དང་། སྤྱི་དབང་སྒེར་སྤྱོད། འཛེམ་བག་མེད་པའི་ངང་རྒྱུ་དངོས་བླངས་པ། འདོད་རྔམ་ཇེ་ཆེར་སོང་པ་མ་ཟད་སྤྱོད་པ་ཡང་རུལ་སུངས་སུ་གྱུར་འདུག 
     ཁྲེན་ཡུང་གིས་ཏང་གི་རྩ་འཛུགས་སྒྲིག་ཁྲིམས་དང་། སྤྱོད་གཙང་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དང་ཚབས་ཆེན་འགལ་བས། རང་གི་ལས་གནས་དང་འགལ་བ་དང་ལྐོག་རྔན་ལེན་པའི་ཉེས་པ་བསགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་འདི་ལྟ་བུའི་བྱ་སྤྱོད་མཚམས་མ་བཞག་པ་མ་ཟད། ངོ་བོ་ཚབས་ཇེ་ཆེར་སོང་ཡོད་ཅིང་ཤུགས་རྐྱེན་ངན་པ་བཟོས་པས། ཆད་པ་ནན་མོ་གཅོད་རྒྱུ་བྱས་ཡོད། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། སི་ཁྲོན་ཞིང་ཆེན་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་དོན་གྲོས་ཚོགས་ཀྱིས་ཞིབ་འཇུག་དང་ཆོག་མཆན་བཀོད་པ་བརྒྱུད། ཁྲེན་ཡུང་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་རྒྱུ་དང་། གཏན་ཁེལ་ནང་བཞིན་རང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་མེད་པར་བཟོ་བ་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་ཐོབ་ཆ་ཚང་མ་རྩིས་ལེན་བྱ་རྒྱུ། ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་། འབྲེལ་ཡོད་རྒྱུ་དངོས་མཐའ་དག་གྱོད་དོན་དང་མཉམ་དུ་རྩིས་སྤྲོད་རྒྱུ་བྱས་ཡོད།