འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་5ཉིན།

༄༅།།རྒྱ་སེ་མེ་ཏོག་བཏབ་ནས་ཕྱུག་པོའི་ལམ་དུ་བསྐྱོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་05ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “གྲོ་དང་ཞོག་ཁོག་འདེབས་པ་ལས། རྒྱ་སེ་མེ་ཏོག་འདེབས་པར་ང་དེ་བས་དགའ། མེ་ཏོག་བཞད་དུས་ཁུ་ཚུར་ལས་ཆེ་བ་ཡོད་པས་ལྟ་ན་སྡུག”ཚེ་གང་ཞོག་ཁོག་བཏབ་པའི་བོད་རིགས་བགྲེས་སོང་ཏའེ་ཧྭ་ཆུན་ནི་ལོ་གསུམ་གྱི་གོང་རྒྱ་སེ་མེ་ཏོག་དང་ལས་འཕྲོའི་མདུད་པ་ཐེབས་པ་རེད།
      ཏའེ་ཧྭ་ཆུན་གྱི་རྒྱ་སེ་མེ་ཏོག་སྐྱེད་ཚལ་དེ་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་བཙན་ལྷ་རྫོང་དུ་ཡོད་ཅིང་། ཡུལ་དེ་ནི་ཀྲུང་གོའི་རྒྱལ་རོང་བོད་རིགས་འདུས་སྡོད་ཁུལ་གྱི་གྲས་ཤིག་ཡིན་ལ་རི་ཁུལ་གཙོ་བོ་ཡིན། རི་བོའི་དབུས་ཀྱི་ཏ་ཡུང་ཤང་མའོ་ཧྲུའེ་གྲོང་ཚོའི་ས་རྒྱུ་ཞན་ཁར་ཕག་རྒོད་གང་སར་ཡོད་པར་བརྟེན།  ཏའེ་ཧྭ་ཆུན་སོགས་གྲོང་མི་མང་པོས་སོ་ནམ་ལ་ཇི་ཙམ་འབད་ཀྱང་སྟོན་འབབ་ཡག་པོ་མེད་པས་སྔར་བཞིན་དབུལ་ཕོངས་ཀྱི་གནས་སུ་གྱར།
      འོན་ཀྱང་ལོ་ཤས་གོང་རྒྱ་སེ་མེ་ཏོག་བཏབ་པ་ནས་བཟུང་། གྲོང་ཚོ་དེ་མྱུར་དུ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ནས་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་དབུལ་སྐྱོར་གྱི་དཔེ་ལྟ་སར་གྱུར། ལོ་དེར་རྒྱ་སེ་མེ་ཏོག་འདེབས་དགོས་པའི་སྐོར་ཕྱིར་དྲན་བྱེད་སྐབས། གྲོང་མིས“འདི་ནི་ཕག་རྒོད་ལ་ཁ་གཏད་བཅག་པའི་རྒྱ་སེ་མེ་ཏོག་གི་ཐོན་ལས་རེད”ཅེས་དགོད་བཞིན་བཤད།
      དོན་དངོས་ཐོག་ལོ་ཤས་གོང་གྲོང་མི་རྣམས་ཀྱིས་རི་རྐེད་དུ་ཕག་རྒོད་ཀྱིས་གནོད་འཚེ་བཏང་བའི་ལོ་ཏོག་ལ་ལྟ་སྐབས། ཚེར་མ་ཡོད་པས་ཟ་ཐུབ་མེད་པའི་རྒྱ་སེ་མེ་ཏོག་རྐང་ཁ་ཤས་སྐྱེས་པ་མཐོང་། དེས་ན་གྲོང་མི་ཚོས“བཙན་ལྷའི་ས་ཆའི་དམིགས་བསལ་གྱི་གནམ་གཤིས་ལ་བརྟེན་ནས་རྒྱ་སེ་མེ་ཏོག་བཏབ་ན་གང་འདྲ་ཡོད་དམ”བསམས་པ་རེད།
      ཕྱིས་སུ་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། ཡུལ་དེར་རྒྱ་སེ་མེ་ཏོག་སྐྱེ་འཚར་ལ་ཧ་ཅང་འཚམ་པོ་ཡོད་པ་རེད། 2012ལོར། མའོ་ཧྲུའེ་གྲོང་ཚོས་རྒྱ་སེ་མེ་ཏོག་མཉམ་ལས་ཁང་བཙུགས་པ་དང་། གྲོང་མི་ཁག་གཅིག་གིས་རྒྱ་སེ་མེ་ཏོག་འདེབས་འགོ་བཙུགས་ཤིང་། མེ་ཏོག་བཞད་རྗེས་ཐོན་ལས་ཁུལ་གྱིས་ཉོས་ཏེ་མེ་ཏོག་ཇ་དང་སྣུམ་སོགས་ཐོན་ཟོག་སྣ་ཚོགས་བཟོས་པ་དང་། སྤུས་ཀ་ཡང་ཁྲོམ་རས་ཁས་ལེན་བྱས།
      ཐོན་ཟོག་འཚོང་རྒྱུར་སེམས་ཁྲལ་མེད་པས་ཏའེ་ཧྭ་ཆུན་བཟའ་ཚོར་ཆ་བཞག་ན། མུའུ་4ཡི་རྒྱ་སེ་མེ་ཏོག་སྐྱེད་ཚལ་ལ་2017ལོར་ཡོང་འབབ་མི་དམངས་ཤོག་སྒོར་8000དང་། 2018ལོར་ཡོང་འབབ་སྒོར་15000ལྷག་རག་ནས་དབུལ་སྒྲོལ་ཕྱུག་འགྱུར་བདེ་བླག་ངང་ཐུབ་པ་རེད།
      ཤེས་རྟོགས་བྱུང་བ་ལྟར་ན། 2018ལོའི་ལོ་མཇུག་བར་བཙན་ལྷ་རྫོང་གི་རྒྱ་སེ་མེ་ཏོག་འདེབས་ཁྱོན་མུའུ་8060ཟིན་པ་དང་། 2019ལོར་མུ་མཐུད་རྒྱ་ཁྱོན་མུའུ་4500མང་དུ་བཏང་བར་ཁྱོན་ཤང་དང་གྲོང་རྡལ་12ཀྱི་གྲོང་ཚོ་38དང་འབྲེལ་བ་ཡོད། ཡུལ་དེའི་རྒྱ་སེ་མེ་ཏོག་གླེང་ན་བགྲེས་སོང་ཏའེ་ཧྭ་ཆུན་དང་འདྲ་བར་ཚང་མའི་ངོ་གདོང་ནས་སྤྲོ་བའི་འཛུམ་མདངས་མི་མངོན་པ་གཅིག་ཀྱང་མེད།
      ལོ་63ལ་སླེབས་པའི་ཤིན་ཆའོ་ཤང་གུང་ཧོ་གྲོང་ཚོའི་གྲོང་མི་ཡུས་ཧྥུ་ལིའང་དབང་པོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་དབུལ་ཕོངས་སུ་གྱུར་པ་དང་། ནང་མི་གསུམ་2017ལོའི་གོང་དུ་མ་མཐའི་འགན་བཅོལ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། རྒྱ་སེ་མེ་ཏོག་བཏབ་རྗེས་ཡོང་འབབ་བརྟན་པས་དབུལ་སྒྲོལ་བདེ་བླག་བྱུང་ཡོད།
      “རྒྱ་སེ་མེ་ཏོག་བཏབ་ན་ཕྱི་ལོ་མེ་ཏོག་བཞད་ཐུབ་པ་དང་། ང་ཚོས་བཏབ་པའི་ཏ་མ་ཧྲ་ཀེ་རྒྱ་སེ་མེ་ཏོག་བཞད་དུས་ལོ་15ནས་20འགོར་གྱི་ཡོད་ཁར་ལོ་ལྟར་ཡོང་འབབ་འཕར་གྱི་ཡོད”རྒྱ་སེ་མེ་ཏོག་གི་ཐོན་ཟོག་དྲི་བསུང་སྔར་བས་ཡག་པ་དང་སྤུས་ཚད་སྔར་བས་ཡག་པོ་ཡོང་ཆེད། གྲོང་མི་རྣམས་ཀྱིས་ཉི་མ་མ་ཤར་གོང་འཐུ་ཡི་ཡོད། དེར་བརྟེན་མེ་ཏོག་འཐུ་བའི་དུས་ཚིགས་སླེབས་རིམ་བཞིན་ནམ་མ་ལངས་གོང་ལག་ཐོགས་གློག་སྒྲོན་རེ་རེ་མུན་པའི་ཁྲོད་གཡོ་བ་ནི་ཡུལ་དེའི་ངལ་རྩོལ་གྱི་ཉམས་བཟང་དུ་གྱུར་ཡོད་ཅེས་ཡུས་ཧྥུ་ལིའང་གིས་བཤད།
      རྔ་པ་ཀྲོའུ་རུ་བཙན་ལྷའི་རྒྱ་སེ་མེ་ཏོག་དང་འདྲ་བའི་ཁྱད་ལྡན་ཐོན་ལས་ཀྱི་དབུལ་སྐྱོར་ནི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།