འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་5ཉིན།

༄༅།།སི་ཁྲོན་གྱིས། ཁྲལ་རིན་གཉིས་གཅོག་བྱས་ནས་དངོས་ཚན་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་
འཕེལ་བར་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་05ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་4ཚེས་30ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། སི་ཁྲོན་གྱིས་ཁུར་པོ་ཡང་གཏོང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་ཞིང་། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་85ཡས་མས་གསར་དུ་འཕར་ནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ལ་ཕན་པ་དངོས་ཐོབ་སྟེ་དངོས་ཚན་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱི་ཡིད་ཆེས་དང་སྒུལ་ནུས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
     “ན་ནིང་གི་ཟླ་5པ་ནས་འདི་ལོའི་ཟླ་3པའི་བར། གནས་ཐང་འཕར་ཁྲལ་བཅག་པ་འདི་ཁོ་ནས་ཀྱང་ང་ཚོར་སྒོར་ཁྲི་800ཡས་མས་ཀྱི་ཁེ་སྤོགས་ཐོབ་ཡོད”འདི་ལོའི་ཟླ་4ཚེས་1ཉིན་ནས་བཟུང་གནས་ཐང་འཕར་ཁྲལ་ཡང་བསྐྱར་བརྒྱ་ཆའི་གྲངས་3ཆག་པ་དང་། དེས་མ་ཟད། ད་དུང་གསར་དུ་བསྣན་པའི་འགྲུལ་པ་སྐྱེལ་འདྲེན་ཞབས་ཞུའི་ཚབ་འཕྲི་ཡང་ཡོད་པས། སྔོན་དཔག་བྱས་ན། ང་ཚོའི་ཀུང་སིས་འདི་ལོར་ཁྲལ་དངུལ་སྒོར་ཁྲི་2000ལྷག་ཙམ་གྲོན་ཆུང་ཐུབ་རྒྱུ་རེད་ཅེས་ཧྭ་རུང་གསུམ་དགུ(གཡག་རྔ)སྨན་ལས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཐི་དབྱིན་གྱིས་བརྗོད་པ་རེད།
     རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སི་ཁྲོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ས་གནས་དེ་གའི་ཁྲལ་དོན་སྡེ་ཚན་གྱིས་དྲིལ་བསྒྲགས་དང་ཟུར་ཁྲིད་རེས་སྐོར་མང་པོ་བྱས་ནས། ཁྲལ་རིན་གཉིས་གཅོག་སྲིད་ཇུས་སྐོར་གྱི་ཤེས་དགོས་རིགས་ཚང་མ་ཤེས་པར་བྱས་ཡོད་པ་མ་ཟད། ད་དུང་གློག་རྡུལ་ཁྲལ་དོན་མ་ལག་ལེགས་སུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་དྲན་སྐུལ་ཞུ་བའི་ལས་སྒོའི་འཁོར་འབྲེལ་འཛུགས་པ། ཁྱོན་ཡོངས་ལ་ཁྱབ་པའི་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤེལ་བ་བརྒྱུད། ཁྲལ་རིན་གཉིས་གཅོག་སྲིད་ཇུས་ལོངས་སྤྱོད་བྱེད་འོས་རིགས་ཚང་མས་ལོངས་སྤྱོད་ཐུབ་པར་བྱས་ཡོད་ཅེས་བརྗོད་པ་རེད།