འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།ཕྱི་རྒྱལ་གྱི་ཁྲོམ་རར་བྲིན་ཁ་རྒྱུག་པའི་མཚོ་བོད་ས་མཐོའི་འདྲེ་ཚེར་མ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་19ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། འདྲེ་ཚེར་མར“སིལ་དམར་ཆུང་ཆུང”ཞེས་འབོད་པ་དང་། དེ་ནི་མཚོ་བོད་ས་མཐོའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་གྱུར་ཡོད། “དཔྱིད་འདེབས་ཀྱི་ལས་ཀ་འགོ་ཚུགས་མ་ཐག་ཡིན་མོད། འདི་ལོར་ཀུང་སིའི་སྐྱེ་ལྡན་འདྲེ་ཚེར་མ་ཚང་མ་ཟླ་གཉིས་པར་འཚོགས་པའི་འཇར་མན་ཉིའུ་ལོན་པའོ་རྒྱལ་སྤྱིའི་སྐྱེ་ལྡན་བཟའ་བཅའ་འགྲེམས་ཚོགས་ཐོག་སྔོན་མངགས་བྱས་ཚར་སོང”ཞེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དབྱི་ལིན་འདྲེ་ཚེར་མ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲའོ་ཧའེ་ཏུང་གིས་འདེབས་ཁྱོན་མུའུ་སྟོང་ཡོད་པའི་མིག་མདུན་གྱི་སྐྱེ་ལྡན་འདྲེ་ཚེར་མར་ལྟ་བཞིན་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བརྗོད།
     “འདྲེ་ཚེར་མའི་སྐྱེ་འཚར་ཐད་ཀྱི་དམིགས་བསལ་རང་བཞིན་དབང་གིས། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱེད་དཀའ་བས། འདྲེ་ཚེར་མ་འདེབས་འཛུགས་བརྒྱུད་རིམ་ཁྲོད་ངལ་ནུས་འབོར་ཆེན་གཏོང་དགོས”སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་དུས་བཀག་ལྟར་མཁོ་འདོན་ཐུབ་ཆེད། ལས་བཟོ་40གྲམ་ཐང་དེར་བསྡད་དེ་ཟླ་གཅིག་ཙམ་ཕྱིན་སོང་ཞེས་ཀྲའོ་ཧའེ་ཏུང་གིས་བརྗོད་པ་རེད། ཧྥ་རན་སེའི་ཚོང་པ་ཨེ་ལོན་ཁོངས་གཏོགས་ཀྱི་ཀུང་སིས་བསྟུད་མར་ལོ་6རིང་མཚོ་སྔོན་གྱི་སྐྱེ་ལྡན་འདྲེ་ཚེར་མ་བསྡུ་ཉོ་བྱས་ཡོད། ཁོང་གིས“ཡོ་རོབ་བས་འདྲེ་ཚེར་མ་འདི་ཉིད་ཤིང་ཏོག་ཅིག་ཏུ་བརྩིས་ནས་ཟ་གི་ཡོད། མཚོ་སྔོན་གྱི་འདྲེ་ཚེར་མ་ཆེན་པོ་ཡོད་པ་མ་ཟད་བྲོ་བ་ཡང་ཡག་པོ་ཡོད་པས། ཡོ་རོབ་ཏུ་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། ལོ་རེའི་ཕྱིར་ཚོང་བསྡོམས་འབོར་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་འདུག”ཅེས་བརྗོད་པ་རེད།
     མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཁོ་འདོན་བྱས་པའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། 2018ལོའི་ལོ་མཇུག་བར་ཏུ། མཚོ་སྔོན་གྱི་འདྲེ་ཚེར་མ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་70བརྒལ་ཞིང་། སྐྱེ་ལྡན་འདྲེ་ཚེར་མ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི་450བརྒལ་ཡོད། མ་ལེ་ཞི་ཡ་དང་། ཧྥ་རན་སེ། ཁ་ན་ཏ། ཨུ་རུ་སུ། དབྱིན་ཇི། ཧན་གོ རི་པིན་སོགས་རྒྱལ་ཁབ་དང་ས་ཁུལ་18ལ་ཕྱིར་གཏོང་བྱེད་ཀྱི་ཡོད་པ་རེད།
     འདྲེ་ཚེར་མ་ཕྱིར་གཏོང་འབོར་ཆེན་བྱས་པ་ལས་ས་གནས་དེ་གའི་མི་སེར་ཚོར་ཕན་པ་དངོས་ཐོབ་ཡོད། “འདྲེ་ཚེར་མ”དེ་ཉིད་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི“ཤིང་འབྲས་ཡག་ཤོས་ཤིག་ཏུ”གྱུར་ཡོད། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ཏཱ་ཀེ་ལེ་ཤང་ཚྭ་ནག་གྲོང་ཚོའི་གྲོང་མི་ཝང་ལེ་ཙུའུ་དང་ཁོང་གི་ནང་མི་ཚོ་ནམ་ལངས་མ་ཐག་མགོ་རས་དང་ཁ་རས་དང་ལག་ཤུབས་སོགས་གྱོན་ཞིང་རྨོ་འདེབས་ཀྱི“ལག་ཆ”འཁྱེར་ནས་རང་ཉིད་ཀྱི་འདྲེ་ཚེར་མའི་ཞིང་ཁར་འགྲོ་གི་ཡོད་པ་རེད།
     འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《སྐྱེ་ལྡན་འདྲེ་ཚེར་མའི་ཐོན་ལས་འཕེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ལྡན་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་འཆར་འགོད(2018ལོ་ནས་2022ལོའི་བར)》སོགས་ལག་བསྟར་བསམ་འཆར་དང་འཕེལ་རྒྱས་འཆར་འགོད་རབ་དང་རིམ་པ་སྔ་རྗེས་སུ་བཏོན་པ་དང་། 2018ལོར་འདྲེ་ཚེར་མའི་ཐོན་ལས་ཀྱིས་མི་ཁྲི་10ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ད་དུང་མཐའ་འཁོར་གྱི་ཞིང་དུད་ཁྲི་1.7ལ་ཡང་སྣེ་ཁྲིད་ཐུབ་ནས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་6.5བྱུང་ཡོད་པ་རེད།