འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་བྱ་དགའ་དང་ཁ་གསབ་ལ་བརྟེན་ནས་ཞིང་འབྲོག་པའི་དུད་ཚང་ཁྲི་27གྱི་སྡོད་
ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་19ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་གྲྭར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས་མང་ཚོགས་ཀྱིས་རང་མོས་ངང་མ་འཇོག་དང་སྲིད་གཞུང་གིས་བྱ་དགའ་དང་ཁ་གསབ་སྤྲོད་པའི་བྱེད་ཐབས་བརྒྱུད། 2025ལོའི་གོང་དུ་ཞིང་འབྲོག་པའི་དུད་ཚང་ཁྲི་27གྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།
     མཚོ་སྔོན་གྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་72ཡོད་པ་དང་བོད་རིགས་ས་ཁུལ་གྱིས་ས་ཆ་བཟུང་ཚད་ཅུང་མཐོ་ཙམ་ཡོད་པ་དང་། མི་འབོར་བསྡོམས་འབོར་ཁྲི་603.23ཟིན་པའི་ནང་གྲོང་གསེབ་ཀྱི་རྒྱུན་སྡོད་མི་འབོར་45%ལས་བརྒལ་ཡོད། དེ་གར་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། གནམ་གཤིས་གྲང་ངར་ཆེ་བ། རྨང་གཞིའི་སྒྲིག་བཀོད་རྗེས་ལུས་བཅས་ཡིན་པས། ཞིང་འབྲོག་པ་མང་ཚོགས་ཚོས་སྔ་པོ་ནས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་འདོད་ཧ་ཅང་ཆེན་པོ་ཡོད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་སྐྱས་སྤོས་འབྲོག་པ་གཞིས་ཆགས་སོགས་འདུ་འགོད་རབ་དང་རིམ་པ་བརྒྱུད། ཞིང་འབྲོག་པའི་སྡོད་ཁང་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རྒྱལ་ཁབ་ཀྱིས་མཚོ་སྔོན་བོད་རིགས་ས་ཁུལ་དུ་རིམ་རྩིས་ལྟར་ན་ཞིང་འབྲོག་ལས་ཐད་མ་དངུལ་སྒོར་དུང་ཕྱུར་167བཏང་བས་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།
     ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་ཇུས་གཞི་བཀྲམ་ནས་སྲིད་གཞུང་གིས་ཚད་ལྡན་བསྡུར་ཚད་ལྟར་བྱ་དགའ་དང་ཁ་གསབ་སྤྲོད་པ་དང་མང་ཚོགས་ཀྱིས་རང་མོས་ངང་མ་འཇོག་བྱེད་པའི་བྱེད་ཐབས་བརྒྱུད། འདོད་མོས་ཡོད་པའི་ཞིང་འབྲོག་པར་སྡོད་ཁང་གི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་རོགས་བྱེད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། རྣམ་གྲངས་ལག་བསྟར་བྱེད་རིང་། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་དང་། ཤང་དང་གྲོང་རྡལ་གནས་ཡུལ་གྱི་གྲོང་ཚོ་དང་དེ་བཞིན་དཔལ་འབྱོར་ཆ་རྐྱེན་བལྟོས་བཅས་ཀྱིས་ཡག་པ་དང་། སྐུལ་ཁྲིད་ནུས་པ་ཅུང་ཆེ་བ། མང་ཚོགས་དེའི་ནང་ཞུགས་རྒྱུའི་འདོད་མོས་ཆེ་བ་བཅས་ཀྱི་གྲོང་ཚོར་སྔོན་དུ་བསམ་གཞིག་བྱེད་རྒྱུ་རེད།
     ཞིབ་ཕྲའི་ལག་བསྟར་བྱེད་སྐབས་མཚོ་སྔོན་ཞིང་ཆེན་གྱིས་རྣམ་གྲངས་ཁྱབ་ཁོངས་ཀྱི་ས་ཁོངས་སུ་ནུས་རྒྱུ་གྲོན་ཆུང་དང་དྲོད་སྲུང་གི་ལས་གྲྭ་ལག་བསྟར་བྱེད་རྒྱུ་རེད། དེ་དང་ཆབས་ཅིག་བཙོག་ཆུ་འབུད་པའི་ཆ་རྐྱེན་ལྡན་པའི་གྲོང་ཚོར་ཆུ་བཤལ་རྣམ་པའི་གསང་སྤྱོད་སྒྱུར་བཀོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད། གཞན་ཡང་། ད་དུང་སྲིད་གཞུང་གིས་སྡོད་ཁང་དང་སྒོ་རའི་གྱང་མཛེས་བཟོ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱེད་རྒྱུ་རེད།
     ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་གྱིས་ཟླ་4ཚེས་27ཉིན་སྔོན་དུ་ཚོད་ལྟ་བྱས་ཏེ་འདི་ལོར་ཞིང་འབྲོག་པའི་དུད་ཚང་ཁྲི་3གྱི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་གྲོང་ཚོ་110ལྷག་ཙམ་གྱི་བཀོད་པ་ལེགས་སུ་གཏོང་རྒྱུ་རེད། 2020ལོ་ནས་བཟུང་། ཞིང་ཆེན་དེས་ལོ་ལྟར་ཞིང་འབྲོག་པའི་དུད་ཚང་ཁྲི་4ཡི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་གྲྭ་ལེགས་སྒྲུབ་བྱེད་རྒྱུ་དང་། 2025ལོར་སླེབས་སྐབས། ཞིང་འབྲོག་པའི་དུད་ཚང་ཁྲི་27གྱི་སྡོད་ཁང་གི་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་གཏོང་ཐུབ་རེ་ཡོད་པ་དང་། གྲོང་ཚོ་1000ཙམ་གྱི་བཀོད་པར་འགྱུར་ལྡོག་མངོན་གསལ་དོད་པོ་འགྲོ་རྒྱུ་ཡིན་པ་རེད།