འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་22ཉིན།

༄༅།།མ་ཁེ་ལུང་གིས་ལོ་ལྔའི་ནང་ཕ་རི་སིའི་ཡེ་ཤུའི་མ་ཡུམ་ལྷ་ཁང་བསྐྱར་སྐྲུན་ཐུབ་རེ་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་19ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གྱི་དགོང་མོར། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་ལ་མེ་སྐྱོན་ཚབས་ཆེན་ཕོག་པར་བརྙན་འཕྲིན་གསུང་བཤད་ཐུང་ངུ་གནང་ནས་ལོ་ལྔའི་ནང་ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་བསྐྱར་སྐྲུན་ཐུབ་རེ་གནང་བ་རེད།
     ཁོང་གིས“ཧྥ་རན་སེའི་ལོ་རྒྱུས་ཐོག་ང་ཚོས་དེ་སྔ་གྲོང་ཁྱེར་དང་། གྲུ་ཁ། ཆོས་ཁང་སོགས་བསྐྲུན་ཡོད། ཁང་པ་མང་དག་ཅིག་དམག་འཁྲུག་གམ་ཡང་ན་སྲུང་སྐྱོང་ཡག་པོ་མ་ཐུབ་པའི་རྐྱེན་གྱིས་མེ་ཤོར་བ་དང་གཏོར་སྐྱོན་ཕོག ཡིན་ནའང་ང་ཚོས་ཚང་མ་བསྐྱར་སྐྲུན་བྱས་ཡོད། ཧྥ་རན་སེ་བ་ནི་འཛུགས་སྐྲུན་མཁན་ཡིན་པས་ང་ཚོས་དེ་བས་བརྗིད་ཉམས་ལྡན་པའི་ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་བསྐྱར་སྐྲུན་བྱེད་ཀྱི་ཡིན”ཞེས་གསུངས།
     ས་གནས་དེ་གའི་དུས་ཚོད་ཚེས་15ཡི་ཆུ་ཚོད་18ཡས་མས་སུ་ཕ་རི་སི་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ཡེ་ཤུའི་མ་ཡུམ་མཆོད་ཁང་ལ་མེ་འབར་ནས་མེ་གསོད་རུ་མི་500ཙམ་གྱིས་མེ་གསོད་རླངས་འཁོར་བཅུ་དང་དེ་བཞིན་མེ་གསོད་སྒྲིག་ཆས་སྣ་ཚོགས་སྤྱད་དེ་མེ་བསད་པ་རེད། ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10ཙམ་ལ་མེ་རྦད་དེ་བསད་ཟིན་ཡོད། ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་གི་ཐོག་ཁ་དང་མཆོད་རྟེན་གྱི་རྩེ་མོ་མེས་འཚིགས་མོད། ཡིན་ནའང་ཁང་པའི་སྒྲིག་གཞི་གཙོ་བོ་རང་འཇགས་གནས་ཡོད་པ་དང་ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་གི་རིག་དངོས་གཙོ་བོ“ཡེ་ཤུའི་ཚེར་ཞྭ”དང“འཕགས་ལུ་དབྱིའི་མཆོད་གོས”སོགས་ལའང་སྐྱོན་བྱུང་མེད།
     ཚེས་16ཉིན། ཧྥ་རན་སེའི་རིག་གནས་པུས་ཡེ་ཤུའི་མ་ཡུམ་མཆོད་ཁང་གི་མཆོད་རྟེན་གྱི་རྩེར་བསླངས་པའི་དེ་ཕོའི་ཟངས་ཏོག་ཞིག་རོའི་ཁྲོད་ནས་རྙེད་བྱུང་ཞེས་བརྗོད།
     ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་ལ་མེ་འབར་རྗེས། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གིས་ཕ་རི་སིའི་ཡེ་ཤུའི་མ་ཡུམ་མཆོད་ཁང་བསྐྱར་སྐྲུན་བྱེད་དགོས་པའི་འབོད་སྐུལ་གནང་བར་ཧྥ་རན་སེའི་ལས་རིགས་ཁག་གི་མི་སྣས་འབོད་སྐུལ་དང་ལེན་ཞུས་ཡོད། མིག་སྔར། བསྐྱར་སྐྲུན་དང་སླར་གསོའི་ལས་གྲྭའི་ཞལ་འདེབས་མ་དངུལ་ཡོ་སྒོར་དུང་ཕྱུར་7ལྷག་ཙམ་ཟིན་ཡོད་པ་རེད།