འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པས། “རྒྱུད་གཅིག་ལམ་གཅིག”ནི་ཀྲུང་གོ་དང་
འཛམ་གླིང་དབར་གྱི་གླེང་མོལ་བྱེད་རེས་ཤིག་རེད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་19ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཤིས་ཉི་ནས་གློག་འཕྲིན་འབྱོར་གསལ། ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཤིས་ཉིའི་ཚན་རྩལ་སློབ་ཆེན་གྱི་ཨོ་ཀྲུང་འབྲེལ་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་པ་པོ་ཁར་གྱིས་ཉེ་ཆར་ཤིས་ཉིར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུ་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཀྲུང་གོ་དང་འཛམ་གླིང་དབར་གྱི་གླེང་མོལ་བྱེད་རེས་ཤིག་ཡིན་པ་དེས་འཕེལ་རྒྱས་ཀྱི་གོ་སྐབས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་སྤྲོད་པར་ཕན་ཐོགས་ཡོད་ཅེས་བརྗོད།
     “གྲོས་འགོ་འདི་ནི་ཀྲུང་གོ་དང་འཛམ་གླིང་དབར་གྱི་གླེང་མོལ་བྱེད་རེས་ཤིག་རེད། ཀྲུང་གོས་འཛམ་གླིང་ལ་ངེད་ཚོས་དཔལ་འབྱོར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་ཇི་ལྟར་ གཏོང་དགོས་པ་གླེང་དགོས་ཞེས་བཤད་ཡོད”པ་པོ་ཁར་གྱིས“‘རྒྱུད་གཅིག་ལམ་གཅིག’གི་མཉམ་ལས་རྣམ་གྲངས་ཀྱི་དོ་དམ་སྒྲིག་སྲོལ་ཐད་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་ལ་བསམ་གཞིག་བྱ་ཆོག་པ་དང་གལ་ཏེ་ཁ་གསལ་གཏིང་གསལ་དང་ཕྱོགས་མང་རང་བཞིན་འདང་ངེས་ཡོད་ཚེ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོར་རྒྱལ་ཁ་ཐོབ་ངེས་རེད”ཅེས་བརྗོད།
     ད་ལོ་ལོ་71ལ་སླེབས་པའི་པ་པོ་ཁར་ནི་ཨོ་སི་ཁྲུ་ལི་ཡའི་ཆབ་སྲིད་མཁས་ཅན་བསླབ་པ་རྒན་གྲས་ཤིག་རེད། དེ་སྔ་ནན་ཝེར་ཧྲི་ཀྲོའུ་གསར་པའི་ཀྲོའུ་ཀྲང་གི་འགན་ལོ་10ཁུར་བ་དང་། 2012ལོའི་ཟླ་3པ་ནས་2013ལོའི་ཟླ་9པ་བར་ཨོ་སི་ཁྲུ་ལི་ཡའི་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་བ་རེད། 2012ལོའི་ཟླ་5པར་ཀྲུང་གོར་འཚམས་འདྲིར་ཕེབས་པ་རེད། སྲིད་ཕྱོགས་ནས་དོན་རྗེས་པ་པོ་ཁར་གྱིས་2014ལོ་ནས་བཟུང་ཤིས་ཉིའི་ཚན་རྩལ་སློབ་ཆེན་ཨོ་ཀྲུང་འབྲེལ་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་གི་འགན་ཁུར་བ་རེད།
     པ་པོ་ཁར་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆེ་གྲས་ཐད་ཀྱི་ཐོན་ཁུངས་དང་ཉམས་མྱོང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་བརྒྱུད་སྤྲོད་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་རྒྱལ་ཁབ་དེ་དག་ལ་སྤྲོད་པའི་དོན་སྙིང་འདིའི་ཐད་ནས་བཤད་ན“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འདུ་ཤེས་ནི་དགེ་མཚན་ལྡན་པ་ཞིག་རེད་ཅེས་བརྗོད་ཆོག
    ཁོང་གིས་ད་དུང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་ཁ་གསལ་གཏིང་གསལ་ཡིན་ཚད་དེ་བས་མང་བ་དང་རྒྱལ་ཁབ་གཞན་དག་གི་མ་དངུལ་འཇོག་མཁན་ལ་གོ་སྐབས་དང་ཁེ་ཕན་དེ་བས་མང་བ་སྐྲུན་པའི་རེ་བ་ཡོད་ལ། སྒེར་གཉེར་དཔལ་འབྱོར་ཞུགས་ཐུབ་པའི་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་དཔེར་ན། གནམ་ཐང་དང་། ལྕགས་ལམ། གཞུང་ལམ་སོགས་ཀྱི་རྣམ་གྲངས་ལ་ཞུགས་པའི་རེ་བ་ཡང་ཡོད་ཅེས་བརྗོད།