འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།མེ་སྐྱོན་གྱི་གནོད་འཚེ་ཐོན་སླ་བའི་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་འཛུགས་སྐྲུན་ཚན་
པ་33ལ་བྱང་བུ་བཀལ་ནས་ལྟ་འདོམས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་19ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་བརྡ་ཐོ་བཀྲམ་ནས་རྒྱལ་ཡོངས་སུ་མེ་སྐྱོན་གྱི་གནོད་འཚེ་ཐོན་སླ་བའི་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་འཛུགས་སྐྲུན་ཚན་པ་33ལ་བྱང་བུ་བཀལ་ནས་ལྟ་འདོམས་བྱས་པ་རེད།
     ན་ནིང་ཟླ་9པ་ནས་བཟུང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་གི་མེ་ཟོན་དང་རིག་གནས་དང་རིག་དངོས་སྡེ་ཚན་གྱིས་རྟེན་རྫས་བཤམས་མཛོད་དང་རིག་དངོས་འཛུགས་སྐྲུན་ཚན་པ་ཁྲི་7.13གྱི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ་ལས་ཁྱོན་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁྲི་10.1ལྷག་ཙམ་ཤེས་རྟོགས་བྱུང་བ་དང་མིག་སྔར་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁྲི་9.3ལྷག་ཙམ་བཅོས་སྒྲིག་བྱས་ཡོད། ཉེན་བརྡའི་སྐུལ་འདེད་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ས་ཁུལ་ཁག་གིས་གོང་ཞུ་བྱས་པའི་མེ་སྐྱོན་གྱི་གནོད་འཚེ་ཐོན་སླ་བའི་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་འཛུགས་སྐྲུན་ཚན་པ་33ལ་བྱང་བུ་བཀལ་ནས་ལྟ་འདོམས་བྱས་པ་རེད།
     རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་ས་གནས་ཁག་ལ་འབྲེལ་ཡོད་སྲིད་གཞུང་དང་སྡེ་ཚན་དང་དེ་བཞིན་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་འཛུགས་སྐྲུན་གྱི་བདག་དབང་དང་། དོ་དམ། སྤྱོད་མཁན་བཅས་ཚན་པའི་བཅོས་སྒྲིག་འགན་འཁྲི་ཁ་གསལ་བཟོས་ནས་ཚན་པས་བཅོས་སྒྲིག་གི་འགན་འཁྲི་དང་། བྱ་ཐབས། མ་དངུལ། དུས་བཅད། སྔོན་དཔག་བཅས“དོན་འཁྱོལ་ལྔ”བསྒྲུབ་རྒྱུར་ལྟ་སྐུལ་བྱས་ནས་འགན་འཁྲི་དོན་འཁྱོལ་མ་བྱུང་ན་ཐར་པ་མི་གཏོང་བ་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་མ་བྱས་ཚེ་ཐར་པ་མི་གཏོང་བ་དང་། དུས་བཅད་ཡོལ་ནས་བཅོས་སྒྲིག་མི་བྱེད་པའི་མེ་སྐྱོན་གྱི་གནོད་འཚེ་ཐོན་སླ་བའི་ཚན་པར་ཁྲིམས་བཞིན་ཆད་པ་བཅད་དེ་བཅོས་སྒྲིག་ནར་འགྱངས་བྱེད་པའི་སྣང་ཚུལ་དང་མེ་སྐྱོན་གྱི་གནོད་འཚེ་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     ལས་དོན་དང་བྱ་ཐབས་དོན་ཐོག་ཏུ་མ་འཁྱོལ་བའི་དབང་གིས་མེ་སྐྱོན་གྱི་གནོད་འཚེ་ཐོན་ཚེ་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད། ས་གནས་ཁག་གིས་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་རྗེས་སྙེགས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་དུས་བཀག་ཐོག་བྱང་བུ་འགེལ་བ་དང་དེ་བཞིན་བཅོས་སྒྲིག་བྱས་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་བྱ་རྒྱུ་རེད།