འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་19ཉིན།

༄༅།།འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོའི“དབང་མོའི་མགྲོན་ཁང”གི་སྒེའུ་
ཁུང་འགྲམ་གྱི་མཛེས་ལྗོངས་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། “མཛེས་མ་མགོ་ཡར་དགྱེ་ཙམ་བྱོས། བརྙན་མིག་ལ་ལྟོས་ཨ”བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་སྐྱེད་ཚལ་དུ་པར་རྒྱག་མཁན་གྱི་མཛུབ་ཁྲིད་འོག་བཟའ་ཚོ་གཉིས་ཀྱིས་བཟོ་ལྟ་སྣ་ཚོགས་བཏོན་ནས་པར་རྒྱག་བཞིན་ཡོད།
     ཀ་ལ་གྲོང་ཚོ་ནི་2019ལོའི་སྐབས་བཅུ་བདུན་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འགོ་འཛུགས་མཛད་སྒོ་གཉེར་ཡུལ་ཡིན་པ་དང་། ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་ཟླ་3པའི་ཟླ་སྨད་ནས་ཟླ་4པའི་ཟླ་དཀྱིལ་བར་གཉེར་བ་རེད། ཁམ་བུའི་མེ་ཏོག་སྐྱེད་ཚལ་དུ་ཇ་མངར་མོ་ཚོང་མཁན་གྲོང་མི་མིག་དམར་བུ་ཁྲིད་ཀྱིས“ཁམ་བུ་མེ་ཏོག་དུས་ཆེན་ནི་ང་ཚོའི་གྲོང་ཚོའི་ལོ་གཅིག་གི་དོན་ཆེན་ཡིན། ད་ལོ་ཁྲོམ་འདོན་ས་ཚང་མ་མཉམ་སྡེབ་ཚོང་གཉེར་དུ་བསྒྱུར་ནས་སྔར་བས་ཚད་ལྡན་དང་གཙང་སྦྲ་དོད་ལ་ཡུལ་སྐོར་བའང་དེ་བས་ཀྱང་མང་བས་ང་ཚོ་སྔར་བས་སེམས་ཤུགས་འཕེལ་བྱུང”ཞེས་གསར་འགོད་པར་བཤད།
     ན་ནིང་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་སྐབས། མི་152ཙམ་ལས་མེད་པའི་ཀ་ལ་གྲོང་ཚོས་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་10ལྷག་སྣེ་ལེན་ཞུས་ཏེ་སྒོ་འཛིན་གྱི་ཡོང་འབབ་ཁོ་ན་སྒོར་ཁྲི་280ལས་བརྒལ་ཡོད། མ་གནས་དང་མཉམ་སྡེབ་འཕེལ་རྒྱས་ཀྱི་མ་དངུལ་འཐེན་རྗེས་གྲོང་མི་ཡོངས་ལ་ཁེ་སྤོགས་བགོས་པ་དང་། མི་8ཡོད་པའི་ཁྱིམ་ཚང་ལ་མང་ཤོས་ལ་སྒོར་ཁྲི་10བགོ་རྒྱུ་བྱུང་བ་དང་། ཉུང་ཤོས་ལའང་སྒོར་ཁྲི་5བགོས་ནས་དེ་སྔོན་སོ་ནམ་དང་ཕྱུགས་འཚོས་པའི་ཡོང་འབབ་ལས་མང་བ་ཡོད། “ད་ལོ་ཡོང་འབབ་དེ་ལས་ཀྱང་མང་བ་རག་ངེས་རེད”ཅེས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་སྤེན་པས་ཡིད་ཆེས་ཆེན་པོས་བཤད།
     ཀ་ལ་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་གྱི“ཁམ་བུའི་མེ་ཏོག་དཔལ་འབྱོར”རྒྱུན་ཆད་མེད་པར་གོང་འཕེལ་སོང་བའི་མཚོན་ཚུལ་ཞིག་རེད།
     ཀ་ལ་གྲོང་ཚོ་ནས་རྒྱལ་ལམ་318ནས་ཤར་དུ་རླངས་འཁོར་བཏང་ནས་སྤྱི་ལེ་200བསྐྱོད་ཚེ་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོ་རེད། དེ་ནི་དུད་ཚང་82ལས་མེད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན། བོད་ཀྱི་ཀ་གནམ་རྒྱལ་ཁབ་འདམ་ར་སྤྱི་གླིང་དང་ལྗོངས་ཡོངས་ཀྱི་ཁམ་བུའི་མེ་ཏོག་གི་ལུང་པ་ཆེ་ཤོས་སྤོ་བོ་ཁམ་བུའི་མེ་ཏོག་ལུང་པར་འབྲེལ་ཡོད་པར་བརྟེན། ཡུལ་སྐོར་གྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།
     ལོ་35ཡིན་པའི་གྲོང་མི་བདེ་ཆེན་དབང་མོས་གྲོང་ཚོ་དེའི་ཐོག་མ་དང་མིག་སྔར་གཞི་ཁྱོན་ཆེ་ཤོས་ཀྱི་ཁྱིམ་ཚང་མགྲོན་ཁང“དབང་མོའི་མགྲོན་ཁང”གཉེར་བཞིན་ཡོད། རྒྱ་ཁྱོན་སྨི་2000ལྷག་ཟིན་པའི་སྒོ་རའི་ནང་དུས་སྐབས་མི་འདྲ་བར་བརྒྱབ་པའི་ཁང་པ་གསུམ་ཡོད། ཐོག་སོ་བཞི་ཅན་གྱི་ཁང་པ་གསར་ཤོས་ནི་2018ལོར་བརྒྱབ་པ་དང་འགྲུལ་ཁང་21ཡོད་ལ་མང་ཤོས་སུ་ཡུལ་སྐོར་བ་46ཤོང་ཐུབ། འགྲུལ་ཁང་རེར་གསང་སྤྱོད་རེ་ཡོད་པ་དང་ཆུ་ཚོད་24རིང་ཆུ་ཚ་པོ་དང་WIFIཡོད། གནམ་དྭངས་ཚེ་སྒེའུ་ཁུང་འཁྲིས་སུ་བཞད་པའི་ཁམ་བུའི་མེ་ཏོག་དང་རི་རྩེ་གངས་རིས་བསྐོར་བར་བལྟས་ཚེ་སྣང་བ་ཧ་ཅང་སྐྱིད། “ཡུལ་སྐོར་བ་མང་དུས་ཉིན་ལྟར་ཁང་པ་ཡོངས་འགྲུལ་པས་ཁེངས་ཀྱི་ཡོད”
     བདེ་ཆེན་དབང་མོས་སྒོ་རའི་ནུབ་ཀྱི་ཐོག་སོ་གཉིས་ཀྱི་ཤིང་རྡོས་གྲུབ་པའི་ཁང་པ་རྙིང་པ་གསར་འགོད་པར་སྟོན་བཞིན“ཤར་གྱི་འགྲུལ་ཁང་4ནི་2011ལོར་བརྒྱབ་པ་དང་གསང་སྤྱོད་མེད་པས་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐུབ་ཀྱི་མི་འདུག དེ་རྗེས་ང་ཚོས་མ་རྩ་བཏང་སྟེ་བྱང་གི་ཁང་གསར་དེ་བརྒྱབ་པ་ཡིན”ཞེས་བརྗོད་བྱུང་།
     འགྲུལ་ཁང་གསར་པ་རྒྱག་པར་ལོ་1འགོར་བ་དང་སྒོར་ཁྲི་230ལྷག་བཏང་བས་བདེ་ཆེན་དབང་མོས་བུ་ལོན་གཡར་དགོས་བྱུང་། འོན་ཀྱང་ཁོང་གིས“འགྲུལ་ཁང་ཇེ་རྒྱས་ཇེ་ལེགས་སུ་བཏང་རྗེས་འགྲུལ་པ་དང་ཁེ་སྤོགས་ཇེ་མང་དུ་འགྲོ་ངེས་ཡིན་པས་མ་རྩའི་དངུལ་ལམ་སེང་རག་ཐུབ”ཅེས་ཡིད་ཆེས་ཆེན་པོས་བཤད།
     བདེ་ཆེན་དབང་མོ་དང་གཅུང་པོས་སྔ་རྗེས་སུ་སྤོ་བོ་རྫོང་དུ་གཉེར་བའི་གསོལ་མགྲོན་ཁང་གི་ཞབས་ཞུ་ལག་རྩལ་གྱི་གསོ་སྦྱོང་ནང་ཞུགས། “གསོ་སྦྱོང་འཛིན་གྲྭ་ལས་ཕན་པ་ཆེན་པོ་ཐོབ་བྱུང་། ང་ཚོའི་ཞབས་ཞུ་བ་མང་ཆེ་བ་ནི་ཡུལ་མི་ཡིན་པས་ཞབས་ཞུ་བྱེད་སྐབས་སྔོན་ལ་སྒོ་རྡུང་བའི་གོམས་སྲོལ་མེད། འོན་ཀྱང་ད་ཆ་དེ་འདྲ་བྱེད་ཀྱི་མེད”ཅེས་བཤད།
     མིག་སྔར། དབང་མོ་མགྲོན་ཁང་དུ་ལས་མི་ཡུལ་མི་གསུམ་ཡོད་པ་དེ་དག་དཀའ་ངལ་ཆེ་བའི་ཁྱིམ་ཚང་ནས་རེད། ཡུལ་སྐོར་བ་མང་དུས་ཁོང་ཚོ་མི་རེས་ཟླ་རེར་གླ་ཆ་སྒོར་4000ཙམ་ལེན་ཐུབ་ཀྱི་ཡོད། “ང་ཚོས་ཡུལ་མི་ཚོའི་སྣེ་ཁྲིད་ནས་ཕྱུག་པོར་འགྱུར་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བདེ་ཆེན་དབང་མོས་བཤད།
     སྤེན་པས“ད་ཆ་ང་ཚོ་གྲོང་ཚོའི་དུད་ཁྱིམ་ཀུན་གྱིས‘ཁམ་བུའི་མེ་ཏོག་གི་ཡོང་འབབ’དང‘ཡུལ་སྐོར་གྱི་ཡོང་འབབ’དོན་གཉེར་བྱེད་ཀྱི་ཡོད་པ་དང་། ‘སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན’ཞེས་པའི་སྐད་ཆ་དེ་ངས་དངོས་གནས་ཧ་གོ་སོང”ཞེས་བརྗོད།