འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་18ཉིན།

༄༅།།ནས་ཐོན་ལས་འཕེལ་རྒྱས་ཁྲོད་བོད་རིགས་ས་ཁུལ་གྱི་འབྲོག་པའི་འཕོ་འགྱུར་ལ་བལྟ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནས་ཐོན་ལས་འཕེལ་རྒྱས་ཁྲོད་བོད་རིགས་ས་ཁུལ་གྱི་འབྲོག་པའི་འཕོ་འགྱུར་ལ་བལྟ།
     ● གྲོང་ཚོའི་དུད་ཚང་160ལྷག་ཙམ་སྣེ་ཁྲིད་དེ་ནས་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་དང་ནས་ཞིང་མུའུ་ཁྲི་1.3ལ་གཉེར་སྐྱོང་དོ་དམ་བྱེད་ཀྱི་ཡོད།
     ● ན་ནིང་སྲིད་གཞུང་གིས་ཞིང་འཕྲུལ་ཁ་གསབ་དངུལ་སྒོར་ཁྲི་80གནང་བ་དེ་དག་གིས་མཉམ་ལས་ཁང་ལ་འདྲུད་འཐེན་འཕྲུལ་འཁོར་དང་སོན་འདེབས་འཕྲུལ་འཁོར་སོགས་ཉོས་པས་ལས་བཟོད་ཡང་དུ་ཕྱིན་སོང་།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་བཞི་པའི་ཟླ་འགོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་ཆུ་མཛོད་གྲོང་ཚོའི་འབྲོག་པ་ཚོས་ལོ་གཅིག་དུས་གཅིག་གི་ནས་འདེབས་འགོ་ཚུགས། ལ་ཁའི་ཉི་ཟེར་ས་ཞིང་ཡོངས་ལ་འཕྲོས་ཤིང་། ཉིན་གང་ཞིང་ལས་བྱས་ནས་ངལ་དུབ་ཀྱིས་མནར་བའི་འབྲོག་པ་རྣམས་རང་རང་སོ་སོའི་སོ་ནམ་ཡོ་བྱད་བསྡུ་གསོག་བརྒྱབ་སྟེ་མི་གཉིས་གསུམ་མཉམ་དུ་འགྲོགས་ནས“དེ་རིང་དཀའ་ལས་ཁག་བྱུང་། ལྟོ་བཟོ་འདོད་མི་འདུག སྤགས་ཟ་གི་ཡིན”ཞེས་གླེང་མོ་བྱེད་བཞིན་ཁྱིམ་གྱི་ཕྱོགས་སུ་ལོག
     ནས་ནི་བོད་རིགས་ས་ཁུལ་གྱི་སྤུན་ཟླའི་བཟའ་བཅའ་གཙོ་བོ་ཡིན་པ་དང་མཚོ་སྔོན་ཞིང་ཆེན་དུ་འདེབས་མང་བའི་ལོ་ཏོག་རེད་ལ། ས་གནས་ཀྱི་སྙོལ་བཟོའི་བཟོ་ལས་དང་གཟན་ཆགས་ལས་སྣོན་གྱི་རྒྱུ་ཆ་གཙོ་བོ་ཡིན་ཁར། མཚོ་སྔོན་གྱི་ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།
     ལོ་54ལ་སླེབས་པའི་མགོན་པོས་ནས་བཏབ་ནས་མི་ཚེ་བསྐྱལ་ཞིང་། ཁོང་གིས“དེ་སྔ་ནས་འདེབས་སྐབས་དཀའ་ངལ་ཆེན་པོ་ཡོད། རྨོན་མཛོ་དོར་སྦྲེལ་ལ་བརྟེན་དགོས་པའི་ཁར། ངལ་དུབ་ཆེ་བ་དང་ལས་ཕྱོད་ཀྱང་མཐོ་པོ་མེད། ཉིན་གཅིག་ལ་མང་ཤོས་སུ་ས་ཞིང་མུའུ་གཉིས་ལྷག་ཙམ་ལས་རྨོ་ཐུབ་ཀྱི་མེད། ང་ཚོ་ནང་མི་བརྒྱད་ལ་ས་ཞིང་མུའུ་10ཡོད་པ་དང་བཟའ་འབྲུ་འདང་གི་མེད། ད་ཆ་སྤུས་ལེགས་ནས་འདེབས་ཀྱི་ཡོད། མུའུ་རེ་ནས་རྒྱ་མ་500ཡན་ཐོན་པ་དང་རྩམ་པ་ཟ་རྒྱུ་དེ་རྒྱས་སྤྲོས་ཀྱི་བྱ་བ་ཞིག་མིན”ཞེས་སྤགས་གཡོ་བཞིན་འཚོ་བའི་འགྱུར་ལྡོག་སྐོར་བརྗོད་བྱུང་།
     བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་བརྒྱུད་ས་གནས་མང་ཚོགས་ཀྱི་འཚོ་བའི་ཟ་རིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འགྱུར་ལྡོག་དེ་རིགས་ནང་ནས་ནི་ད་ཆ་འབྲོག་པ་ཚོའི་བཟའ་བཅའ་ཙམ་མིན་པར་དེ་འཕེལ་རྒྱས་བཏང་ནས་ཕྱུག་པོའི་ལམ་བུར་བསྐྱོད། ད་ཆ་མགོན་པོས་གྲོང་ཚོའི་དུད་ཚང་160ལྷག་ཙམ་སྣེ་ཁྲིད་དེ་ནས་འདེབས་འཛུགས་མཉམ་ལས་ཁང་བཙུགས་པ་དང་ས་ཞིང་མུའུ་ཁྲི་1.3ལ་གཉེར་སྐྱོང་དོ་དམ་བྱེད་ཀྱི་ཡོད།
     ད་ཆ་ཞིང་ནང་དུ་རྫས་ལུད་སྟོར་བྱེད་འཕྲུལ་འཁོར་ལྡིར་ལྡིར་སྒྲ་དང་བསྟུན་ནས་རྨོ་ཞིང་ནང་ཕར་འགྲོ་ཚུང་འོང་བྱེད་པ་དང་རྨོ་ཞིང་ཚང་མ་འདེབས་པར་མི་བཅུ་ཙམ་ལས་དགོས་ཀྱི་མེད། མགོན་པོས“ན་ནིང་སྲིད་གཞུང་གིས་ཞིང་འཕྲུལ་ཁ་གསབ་དངུལ་སྒོར་ཁྲི་80གནང་བ་དེ་དག་གིས་མཉམ་ལས་ཁང་ལ་འདྲུད་འཐེན་འཕྲུལ་འཁོར་དང་སོན་འདེབས་འཕྲུལ་འཁོར་སོགས་ཉོས་པས་ལས་བཟོད་ཡང་དུ་ཕྱིན་སོང”ཞེས་བཤད།
     སངས་རྒྱས་རྒྱལ་མཚན་ཁྱིམ་ལ་ས་ཞིང་མུའུ་36ཡོད་པ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཡོད། ཁོང་གིས“རྒན་རྒོན་ཁྱིམ་དུ་ཕྲུ་གུ་ལྟ་བ་དང་ན་གཞོན་ཕྱིར་ལས་ཀར་བསྐྱོད་ཀྱི་ཡོད། འདེབས་འཛུགས་འཇོན་ཐང་པ་མཉམ་ལས་ཁང་དུ་བསྡད་དེ་ས་ཞིང་བཏབ་ནས་གླ་ཆ་ལེན་རྒྱུ་ཡོད། འཕྲུལ་ཆས་ཅན་ལ་བརྟེན་ནས་ཐོན་སྐྱེད་བྱེད་པ་དང་མཉམ་ལས་ཁང་བཙུགས་པར་བརྟེན་ང་ཚོ་ས་ཞིང་ནས་བཅིངས་འགྲོལ་ཐོབ་སོང་། མཉམ་ལས་ཁང་དུ་ཉིན་གཅིག་ས་ཞིང་བཏབ་ན་གླ་ཆ་སྒོར་150སྤྲོད་པ་དང་གྲོང་མི་ད་དུང་གྲོང་ཁྱེར་ནང་ལས་ཀར་བསྐྱོད་ཆོག་པས་འཚོ་བ་ཉིན་རེ་ལས་མི་འདས་པར་ལེགས་སུ་ཕྱིན་སོང”ཞེས་བཤད།
    ཆུ་མཛོད་གྲོང་ཚོའི་ནས་འདེབས་འཛུགས་མཉམ་ལས་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་ནས་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཙམ་རེད། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་ཝང་ཡུས་ཧུའུ་ཡིས། 2018ལོའི་ལོ་མཇུག་བར། མཚོ་སྔོན་ཞིང་ཆེན་གྱི་ནས་འདེབས་ཁྱོན་མུའུ་ཁྲི་100ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་གྱི་བཞི་ཆ་གཅིག་བཟུང་ཡོད། 2018ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་7700བཏང་སྟེ་ནས་ཐོན་ལས་འཕེལ་རྒྱས་ལོ་གསུམ་བྱ་སྤྱོད་འཆར་གཞི(2018ལོ་ནས་2020ལོ་བར)ལག་བསྟར་བྱས་པར་བརྟེན་ནས་ཐོན་ལས་ཀྱིས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་ཅེས་བཤད།
     “ན་ནིང་ཆར་ཆུ་བཟང་བས་འདི་ལོ་ལོ་ལེགས་ཡོང་རྒྱུ་ལོས་རེད། མཉམ་ལས་ཁང་གི་ཁེ་བཟང་དངུལ་གྱིས་བཟོ་གྲྭ་རྒྱ་ཆེ་རུ་བཏང་སྟེ་ནས་ཀྱི་འཐེན་ཐུག་དང་བག་ལེབ་བཟོས་ནས་གྲོང་མི་རྣམས་ཕྱུག་པོའི་ལམ་དུ་འཁྲིད་རྒྱུ་ཡིན”ཞེས་མུའུ་ཁྲི་ཡི་ས་ཞིང་ལ་རྒྱང་བལྟ་བྱེད་བཞིན་འདི་ལྟར་བརྗོད།
༄༅།།ནས་ཐོན་ལས་འཕེལ་རྒྱས་ཁྲོད་བོད་རིགས་ས་ཁུལ་གྱི་འབྲོག་པའི་འཕོ་འགྱུར་ལ་བལྟ།