འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་18ཉིན།

༄༅།།《ཁྲུན་གཅོད་ཀྱི་ལམ་ལུགས་འཐུས་ཚང་དང་ཁྲུན་གཅོད་ལ་སྤྱི་མོས་ཐོབ་ཚད་ཆེ་རུ་གཏོང་རྒྱུའི་སྐོར་
གྱི་བསམ་འཆར་འགའ་ཞིག》བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་18ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁྲུན་གཅོད་ཀྱི་ལམ་ལུགས་འཐུས་ཚང་དང་ཁྲུན་གཅོད་ལ་སྤྱི་མོས་ཐོབ་ཚད་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》(གཤམ་དུ《བསམ་འཆར་འགའ་ཞིག》ཅེས་བསྡུ་རྒྱུ)བཀྲམ་པ་མ་ཟད། བརྡ་ཐོ་བཏང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     《བསམ་འཆར་འགའ་ཞིག》ནང་། ཁྲུན་གཅོད་ནི་རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རྩོད་གཞི་ཐག་གཅོད་ཀྱི་ལམ་ལུགས་ཡིན་ལ། རྒྱལ་སྤྱིའི་ཐོག་ཀུན་གྱིས་སྤྱོད་པའི་རྩོད་གཞི་ཐག་གཅོད་བྱེད་ཐབས་ཤིག་རེད། ཁྲུན་གཅོད་ཀྱིས་དོ་བདག་གི་འདོད་མོས་རང་སྐྱོང་དང་སྟབས་བདེར་བརྩི་འཇོག་དང་རྩོད་གཞི་ཐག་གཅོད་ནུས་ལྡན་བྱེད་པ་སོགས་ཐད་ཀྱི་ནུས་པ་ཡག་པོ་བཏོན་ན། རྩོད་གཞི་སེལ་བའི་སྣེ་མང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་དྲང་དང་དུས་ཐོག་ཏུ་འགལ་ཟླ་ཐག་གཅོད་བྱེད་པ། རྩོད་གཞི་འདུམ་འགྲིག་ཡག་པོ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། སྒྱུར་བཅོས་དང་སྒོ་དབྱེར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་དང་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་འགན་ལེན་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁྲུན་གཅོད་ལམ་ལུགས་འཐུས་ཚང་དང་ཁྲུན་གཅོད་ལ་སྤྱི་མོས་ཐོབ་ཚད་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲུན་གཅོད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དགོས་ཞེས་བཏོན་ཡོད།
     《བསམ་འཆར་འགའ་ཞིག》ནང་། ཁྲུན་གཅོད་སྒྲིག་གཞི་འཛུགས་སྐྱོང་དང་སྐབས་བརྗེའི་འབྲེལ་ཡོད་ལས་དོན་ཚད་ལྡན་དུ་གཏོང་བ་དང་། ཁྲུན་གཅོད་སྒྲིག་གཞིས་ཁྲིམས་ལྟར་རང་ཚུགས་ངང་ལས་དོན་སྒྲུབ་པའི་འགན་ལེན་བྱེད་པ། དོ་བདག་གི་འདོད་མོས་རང་སྐྱོང་གི་རྩ་དོན་དོན་འཁྱོལ་བྱེད་པ། ཁྲུན་གཅོད་འཕེལ་རྒྱས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཡོ་བསྲང་བྱེད་པ་སོགས་ཐད་ནས་ཁྲུན་གཅོད་དང་རྩ་ཁྲིམས་ཀྱི་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། ཁྲུན་གཅོད་ཨུ་ལྷན་གྱི་སྤྱི་ཕན་རང་བཞིན་དང་ཁེ་བཟང་དོན་གཉེར་མི་བྱེད་པའི་ངོ་བོ་གསལ་སྟོན་བྱེད་པ་དང་། ཨུ་ལྷན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནང་ཁུལ་གྱི་བཅོས་སྐྱོང་སྒྲིག་གཞི་དང་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། ཁྲུན་གཅོད་པའི་གདམ་གསེས་གདན་ཞུ་དང་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ། ཁྲུན་གཅོད་དྲུང་ཡིག་ལས་རིགས་ཅན་དང་ཆེད་ལས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲུན་གཅོད་ལམ་ལུགས་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། ཁྲུན་གཅོད་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནང་མཉམ་འདྲེས་ཡོང་བར་རྒྱབ་སྐྱོར་བྱེད་པ། དྲ་སྦྲེལ་ཁྲུན་གཅོད་འཕེལ་རྒྱས་ཧུར་ཐག་གཏོང་བ། ལས་རིགས་མཉམ་ལས་དང་ཁྲུན་གཅོད་ས་ཁོངས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་ཕྱོགས་ཡོངས་སྒོ་དབྱེ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ཁྲུན་གཅོད་ཨུ་ལྷན་གྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀང་ཨའོ་ཐའེ་བཅས་ཀྱི་ཁྲུན་གཅོད་སྒྲིག་གཞི་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་གཞུང་གིས་ཁྲུན་གཅོད་ལས་དོན་ལ་རྒྱབ་སྐྱོར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་ཀྱི་རང་གཅུན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་གྱིས་ལྟ་སྐུལ་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་པ་བཅས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།