འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་16ཉིན།

༄༅།།མདོ་ཡུལ་ལྷོ་པ་མི་རིགས་ཤང་། འབྱོར་འབྲིང་གྲོང་ཚོའི་འཚོ་བ་སྐྱིད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་15ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཡོན་ཆོན། 
    རི་བོ་སྤྲིན་གྱིས་བསླུབས། རླངས་འཁོར་རི་གྲོང་དུ་བསྐྱོད། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གྲོང་ནས་མདོ་ཡུལ་ཤང་བར་དུ་རླངས་འཁོར་ལ་ཆུ་ཚོད་གསུམ་ཙམ་སྐྱོད་དགོས་པ་དང་། ལམ་བར་དུ་གངས་རི་དང་། གྲོག་རོང་། ནགས་ཚལ་སོགས་ཀྱི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་རྦད་དེ་བཀུག་གི་ཡོད། གྲལ་ལྟར་བསྒྲིགས་པའི་ལྷོ་པ་རིགས་ཀྱི་ཁང་པ་རེ་རེ་མིག་ལམ་དུ་འཆར་དུས་མི་རྣམས་ལ་སྙིང་ཉེ་བའི་བསམ་པ་ཞིག་ངང་གིས་འཆར་གྱི་ཡོད། འདི་ནི“ཡུལ་སྐོར་བའི་ཚོགས་པའི”ནང་སྐད་གྲགས་ཅུང་ཆེ་བའི་མདོ་ཡུལ་གྲོང་ཚོ་རེད།
      “ཁྱིམ་ཚང་ཚང་མའི་ཁང་པ་སྤྱིར་ན་ཐོག་གཉིས་མ་ཡིན་པ་དང་། ཐོག་ཁའི་ཉ་ཁྲབ་དབྱིབས་ཀྱི་ལྕགས་ཤོག་གིས་ཆར་པ་འགོག་ཐུབ་པ་མ་ཟད། ལྷོ་པའི་སྲོལ་རྒྱུན་གྱི་ཨར་སྐྲུན་ཁྱད་ཆོས་ཤིག་རེད”མགྲོན་ཁང་གི་བདག་པོ་ནི་ཏང་ལོ་40ལྷག་ཙམ་ཡོད་པའི་མིང་ལ“ཞའོ་ཅ་ཡོའུ”ཟེར་བའི་ཏང་ཡོན་རྒན་གྲས་ཤིག་ཡིན་པ་དང་། “འོག་ཁང་ཚོང་ཁང་ཡིན་པ་དང་། སྟེང་ཁང་དུ་མི་གསུམ་སྡོད་ཆོག་པའི་ཁང་པ་གཉིས་དང་མི་མང་པོ་སྡོད་ཆོག་པའི་ཁང་པ་གཅིག་ཡོད་ཅིང་། དེའི་འགྲམ་དུ་གསང་སྤྱོད་གཅིག་ཡོད། མ་གཞི་བྱས་ན་སྐར་མ་རིམ་པའི་ཨར་ཁང་དང་སྡུར་ཐབས་མེད་ཀྱང་གཙང་སྦྲ་ཤིན་ཏུ་དོད། ད་ཆ་ལམ་ཤར་གཏོང་ཐུབ་པས་ཡུལ་སྐོར་བ་མང་དུ་སོང་ནས། མི་མང་པོ་ཡོད་དུས་སྡོད་ས་ཡང་མེད”
      ཚོམས་ཆེན་དུ་ཉི་མ་དྲོ་བས་གང་སར་སྔོ་ལྗང་གི་རྩི་ཤིང་དང་མེ་ཏོག་བསྒྲིགས་པ་དེ་ཁང་པའི་ཕྱི་རོལ་ཏུ་ཡོད་པའི་གངས་རི་དང་ཧ་ཅང་མཐུན་པོ་ཡོད། ལྕགས་ཐབ་ལ་བཀབ་པའི་ཆུ་འཁོལ་བས་ན“སྔོན་ལ་ང་ཚོའི་ནང་གི་ཇ་བསྲུབས་མའི་བྲོ་བ་ཞིག་བལྟོས་དང་། ཇ་འཐུང་བཞིན་དུ་སྐད་ཆ་བཤད་ཆོག”ཅེས་ཞའོ་ཅ་ཡིའུ་ཡིས་སྐུ་མགྲོན་ལ་ཇ་བླུག་བཞིན“ང་ལོ་12སྐབས་ནས་ལྷོ་པའི་གོས་རྒྱན་བཟོ་སྟངས་སྦྱངས་པ་ཡིན། ད་ཆ་ངས་དགེ་ཕྲུག་བཅུ་གྲངས་གསོ་སྐྱོང་བྱས་པ་ཡིན་ལ་གྲོང་ཚོར་ཆེད་ལས་མཉམ་ལས་ཁང་ཞིག་ཀྱང་བཙུགས་ཡོད། ལྷོ་པའི་གོས་རྒྱན་ཕུད། ད་དུང་ཤིང་ཕོར་དང་སྤོས་སོགས་ཁྱད་ལྡན་ཐོན་ཟོག་ཚང་མར་ཡུལ་སྐོར་བ་ཚོས་དགའ་པོ་བྱེད་ཀྱི་འདུག ད་ཆ་ཁྱིམ་ཚང་མི་རེ་ངོ་རེའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་་པ་དང་གྲོང་ཚོའི་དུད་ཁྱིམ་བཅུ་གྲངས་ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད། ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐུབ་པས་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།
     གྲོང་ཚོར་སྐུ་མགྲོན་སླེབས་པ་གོ་ཐོས་བྱུང་བའི་མདོ་ཡུལ་གྲོང་ཚོའི་ཀྲུའུ་རེན་དོན་གྲུབ་ཚོམས་ཆེན་དུ་འཛུལ་ཡོང་། “དོན་གྲུབ་ནི་ལོ་རབས་80པའི་ནང་སྐྱེས་ཞིག་ཡིན་པ་དང་ས་ཕྱོགས་གང་སར་སྐྱོད་མྱོང་བས་གྲོང་ཚོར་མིག་རྒྱང་རིང་ཤོས་ཀྱི་མི་ཞིག་རེད”ཅེས་ལྷུན་རྩེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཕིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“གྲོང་ཚོར་ར་མོ་ཤག་ཆེན་དང་། རྒུན་འབྲུམ་དང་འབྲི་ཏ་ས་འཛིན་བཅས་འདེབས་མྱོང་ཡང་གཞི་ཁྱོན་ཆེན་པོ་མེད་པར་བརྟེན་ཁྲོམ་རར་འདོན་ཐུབ་ཀྱི་མི་འདུག ད་ཆ་ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་གཏོང་རྩིས་ཡོད་པས་འཇོན་ཐང་ཆེ་བའི་མི་དེ་འདྲས་སྣེ་ཁྲིད་བྱེད་དགོས་ཀྱི་འདུག”ཅེས་བཤད།
     “ངའི་བྱ་བསེ་རུའི་ཇ་བག་བཟོ་གྲྭར་གཟིགས་པར་ཕེབས་དང”ཅེས་དོན་གྲུབ་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ལམ་སྣེ་ཁྲིད་དེ་གྲོང་ཚོའི་ལྷོ་པ་རིག་གནས་ཐང་ཆེན་བརྒྱུད་ནས་བར་ཐག་མི་རིང་བའི་རི་འདབས་སུ་ལྕགས་ཤོག་ཁང་པ་སྔོན་པོ་གྲལ་སྟར་བསྒྲིགས་པ་ཞིག་ཡོད་པ་ནི་ལྷོ་ཡུལ་ལྗང་མདོག་ཞིང་ལས་ཐོན་ཟོག་མཉམ་ལས་ཁང་རེད། “འདི་ནི་ཇ་སྡེབ་འཁོར་ཁང་དང་། འདི་ནི་ཐུམ་སྒྲིལ་འཁོར་ཁང་དང་མཛོད་ཁང་། འདི་ནི་ཐོན་ཟོག་འགྲེམས་སྟོན་བྱེད་ས་བཅས་རེད། ཇ་སྡེབ་དང་ཐུམ་སྒྲིལ་གྱི་སྒྲིག་ཆས་ནི་ནང་ས་ནས་ཉོས་པ་དང་། དངུལ་ནི་གཉེན་ཉེ་ནང་ཚགས་ཀྱི་ས་ནས་བསྡུས་པ་ཡིན”ཞེས་བརྗོད། 
     “དོན་གྲུབ་ཀྱི་བྱ་བསེ་རུ་འཚོང་འགོ་ཚུགས་རྗེས། བཙོངས་འབོར་སྒོར་ཁྲི་30ལྷག་ཟིན་ནས་གྲོང་མི་20ལྷག་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཡོད། སྔོན་མ་སྟག་གཡུ་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་མེད། ད་ཆ་སྟག་གཡུ་གྲོང་ཚོར་ལམ་དང་། སྦྲག་ཏར། 4Gབཅས་ཁྱབ་པས་ལྷོ་པའི་གྲོང་གསེབ་དེ་ནང་ས་དང་དབར་ཐག་ཉེ་རུ་ཕྱིན་པ་དང་། དྲ་ཐོག་ཚོང་དོན་གྱི་མྱུར་སྐྱེལ་ཡང་གྲོང་ཚོར་སླེབས་ཀྱི་ཡོད”ཅེས་ཝང་ཕིང་གིས་བརྗོད།