འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་10ཉིན།

༄༅།།བོད་ཀྱི་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་གི་བདེ་སྐྱིད་ལྡན་པའི་འཚོ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་10ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     སྒོའི་ཕྱི་ནས་རྒྱུས་མངའ་ཆེ་བའི་རླངས་འཁོར་གྱི་སྒྲ་ཐོས་སྐབས་སྒོ་རའི་ནང་ཇ་འཐུང་བཞིན་ཉི་མ་སྲོ་བའི་རྒད་པོ་ཀུན་གྲུབ་ཀྱིས་དེ་མུར་འགྲུལ་པ་རྣམས་བསུ་བར་ཐོན་པ་དང་། ཚ་བོའི་མནའ་མའི་པང་ནས་ཟླ་གཉིས་ལས་སླེབས་མེད་པའི་བུ་ཆུང་ཆུང་ཚུར་བླངས་ཏེ་དགའ་ཚོར་ཆེན་པོས་འོ་ཡང་ཡང་བྱས། འདི་ལོ་ལོ་70ལྷག་ཙམ་ལ་སླེབས་པའི་ཀུན་གྲུབ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་རྔ་ཆེན་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཁོང་ཞིང་བྲན་ཞིག་གི་ཁྱིམ་དུ་སྐྱེས་པ་དང་ཕ་སྔ་ས་ནས་གྲོངས། ཨ་མས་དཀའ་སྡུག་ཡོད་ཚད་ཁྱད་དུ་བསད་དེ་ཁོང་ཚོ་གཅེན་གཅུང་བཞི་གསོ་སྐྱོང་བྱས། ལོ་བཅུ་ལྷག་ཙམ་ལ་སླེབས་སྐབས་ཁྱིམ་ནས་བྲོས་བྱོལ་དུ་སོང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་དམག་ནང་ཞུགས་ཏེ་1984ལོར་ལྷ་ས་གྲོང་ཁྱེར་གྱི་ལྗོན་ཤིང་འདེབས་མཁན་བཟོ་པ་ཞིག་ཏུ་གྱུར། ཁོང་གིས“ཆུང་དུས་ལྟོས་གྲོད་པ་རྒྱགས་ཐབས་བྲལ་བས་རི་སྐྱེས་སྔོ་ཚོད་བཟའ་བ་དང་རྟག་ཏུ་ཟས་དུག་ཕོག་ནས་གདོང་པའང་སྐྲངས་ཀྱི་ཡོད”ཅེས་དྲན་གསོ་བྱེད་བཞིན་བཤད།
     ད་ཆ་ཀུན་གྲུབ་ཀྱི་འཚོ་བར་སྔ་ས་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། རྒད་པོ་དང་བུ་མོའི་ཁྱིམ་ཚང་མཉམ་དུ་འཚོ་བ་སྐྱེལ་བ་དང་ལོ་ལྔའི་གོང་དུ་སྟེང་ཤོད་གཉིས་ཀར་གསང་སྤྱོད་དང་འཁྲུད་ཁང་ཡོད་པའི་ཁང་གསར་ནང་སྤོས། རྒན་ཡོལ་ཞུས་རྗེས་ཀྱང་ཀུན་གྲུབ་ལ་ཟླ་རེར་གླ་ཆ་སྒོར་3000ལེན་རྒྱུ་ཡོད་པ་དང་། རྟག་ཏུ་བཟའ་ཟླ་དང་མཉམ་དུ་འཆམ་འཆམ་དུ་འགྲོ་བ་དང་། ཇ་འཐུང་བ། ཉི་མ་སྲོ་བ་བཅས་བྱས་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་བཞིན་ཡོད།
     དགུང་ཟས་བཟས་རྗེས། ལོ་29ལ་སླེབས་པའི་ཚ་བོའི་མནའ་མ་ཟླ་བ་སྒྲོལ་དཀར་གྱིས་བུ་གཉིད་བསྙལ་རྗེས་ཁང་པའི་ནང་ལུས་སྦྱོང་བྱེད་སྒོ་ཚུགས། ཕྲུ་གུ་བཙས་ཏེ་ཡུན་རིང་མ་སོང་བས་ཁོང་གིས་སྦྱོང་བརྡར་བྱེད་བཞིན་གཟུགས་གཞི་གང་མགྱོགས་དྲག་སྐྱེད་ཐུབ་རེ་བྱེད།
     གྲོང་ཚོ་ཨུ་ལྷན་དུ་ལས་ཀ་བྱེད་བཞིན་པའི་ཟླ་བ་སྒྲོལ་དཀར་གྱིས“ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པས་རྦད་དེ་འདོད་པ་ཁེངས་སོང”ཞེས་བཤད་པ་དང་། ཁོང་གི་ཕྲུ་གུ་གཉིས་སྐྱེ་བའི་འགྲོ་གྲོན་ཕལ་ཆེ་བ་རྩིས་ཞུ་ཐུབ་པ་རེད།
     དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དཔལ་འབྱོར་རྗེས་ལུས་ཐེབས་པ་དང་། ཕྲུ་གུ་དམར་འབྱར་གསོན་ཚད་དམའ་བ། སྨན་བཅོས་ཆ་རྐྱེན་ཞན་པ་སོགས་ཀྱིས་རྐྱེན་པས་བོད་ཀྱི་མི་འབོར་འཕར་ཚད་ཡུན་རིང་འཕེལ་མེད་སོར་གནས་རེད། ལོ་60རིང་གི་འཕེལ་རྒྱས་བརྒྱུད། བོད་ཀྱི་མི་འབོར་1959ལོའི་ཁྲི་122.8ནས་2018ལོའི་མི་ཁྲི་343.82བར་འཕར་བ་དང་། བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1959ལོའི་གོང་གི་ལོ་35.5ནས་མིག་སྔའི་ལོ་68.2བར་རིང་དུ་ཕྱིན་པ་རེད།
    མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་རིང་དུ་སོང་བ་དང་སྦྲགས། བོད་དུ་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་རིམ་བཞིན་མང་དུ་སོང་ཡོད། གསར་འགོད་པས་བཅར་འདྲི་བྱེད་རིང་། བོད་རིགས་མི་སེར་གྱི་འཚོ་བའི་ནང་གི་གཉེན་ཉེའི་བརྩེ་དུང་མྱོང་ཚོར་ཐུབ་པ་མ་ཟད། ཁོང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་སེམས་ཀྱང་མྱོང་ཚོར་བྱུང་ཡོད།
    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་ལྕགས་རོང་སྡེ་ཁུལ་གྱི་འཇམ་དབྱངས་དབང་ཕྱུག་ཁྱིམ་གྱི་སྒོ་རའི་ནང་དགོད་སྒྲས་ཁེངས། བསྟན་འཛིན་ཆོས་སྒྲོན་དང་ཁོང་གི་གཅེན་མོ་གཉིས་རུབ་རུབ་བྱས་ཏེ་ཚལ་གཡོག་བྱེད་ཀིན་གད་མོ་དགོད་བཞིན་མཆིས། གམ་དུ་ལོ་ན་བརྒྱད་ཅུར་སླེབས་པའི་རྒད་པོ་འཇམ་དབྱངས་དབང་ཕྱུག་དང་ཁོང་གི་བཟའ་ཟླས་བུ་མོ་ཚོར་འཛུམ་དམུལ་དམུལ་ངང་ལྟ་བཞིན་ཡོད། འཇམ་དབྱངས་དབང་ཕྱུག་གིས་སྔོན་ཆད་ཀྱི་དཀའ་སྡུག་སྐོར་དྲན་གསོ་མང་པོ་བྱེད་འདོད་མེད་ཅིང་། ཁོང་གི་སྤོ་བོ་དང་པ་ཕ་གཉིས་ཀ་དེ་སྔ་མངའ་བདག་ཁྱིམ་གྱི་བྲན་གཡོག་ཡིན་པ་དང་། ཁོང་གིས་ཆུང་དུས་ནས་མངའ་བདག་གི་ལུག་འཚོ་བ་དང་སྦྱིན་བདག་ལ་གཡོག་རྒྱུག་པ། རྗེས་སུ་དགོན་པར་བྲོས་ནས་རབ་བྱུང་བར་གྱུར་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་གཞི་ནས་སྐྱ་བབ་སྟེ་ཁྱིམ་ཚང་བཟུང་།
    “སྤྱི་ཚོགས་རྙིང་པར་ཁྱིམ་ཚང་ཆ་རྐྱེན་ཡག་པའི་ཕྲུ་གུ་མ་གཏོགས་སློབ་གྲྭར་འགྲོ་ཐབས་མེད། ད་ཆ་ང་ཚོའི་ཁྱིམ་དུ་སློབ་ཆེན་སློབ་མ་མང་པོ་ཡོད”ཅེས་རྒད་པོས་སྤོབས་སེམས་ཆེན་པོས་དེ་ལྟར་བཤད། ཁོང་གི་ཕྲུ་གུ་ལྔ་པོར་རིམ་པ་མི་འདྲ་བའི་སློབ་གསོ་ཐོབ་མྱོང་ཡོད་ལ་ཚ་བོའི་ཁྲོད་སློབ་ཆེན་སློབ་མ་4ཡོད་པ་རེད།
    ད་ཆ་བུ་མོ་གཉིས་པ་ལྷག་པ་ཆོས་སྒྲོན་དང་བུ་མོ་གསུམ་པ་བསྟན་འཛིན་ཆོས་སྒྲོན་གྱི་ཕྲུ་གུ་ཚང་མ་སློབ་ཆེན་ཐོན་པ་དང་ཁོང་ཚོས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པ་མ་ཟད། ད་དུང་རྒན་རྒོན་ཚོ་ཚེ་མཇུག་བདེ་ལ་རོལ་རྒྱུ་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད། ཁ་བརྡར་གློད་རིང་ལོ་53ལ་སླེབས་པའི་ལྷག་པ་ཆོས་སྒྲོན་གྱིས་ཚང་མར་ཁོང་གི་མགྲིན་པ་བཟང་པོ་དེ་ངོམས་སྟོན་ཡང་ཡང་བྱས་པ་མ་ཟད། ་ད་དུང་ཧྲང་ཧའེ་དང་། ཁྲུང་ཆིང་། ཡུན་ནན། སི་ཁྲོན་སོགས་སུ་ཡུལ་སྐོར་བྱས་པའི་ཉམས་མྱོང་ཡང་གླེང་། གཤིས་ཀ་ཡག་པའི་ཁོང་གཤགས་བཅོས་ཐེངས་ལྔ་བྱེད་མྱོང་བའི་ནད་པ་ཞིག་དང་གཏན་ནས་འདྲ་གི་མེད། “བུ་མོ་ཚོས་རྟག་ཏུ་རང་ཉིད་ཡུལ་སྐོར་བྱེད་པར་ཁྲིད་སྟབས་ངའི་སེམས་ཁམས་ཡག་པོ་དེ་ལྟ་བུ་བྱུང་ཡོད”
     བསྟན་འཛིན་ཆོས་སྒྲོན་གྱི་བུ་མོ་ལྷག་སྒྲོན་ལའང་ཁོང་ཚོའི་ཁྱིམ་རྒྱུད་ཀྱི་བུ་མོ་རྒན་པ་མི་རབས་བཞི་པ་དེ་སྐྱེས་པ་དང་། ཁོང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ཐོན་རྗེས་ས་བབ་མཐོ་བའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དར་མདུད་ཤང་འཕྲོད་བསྟེན་ཁང་དུ་ལས་བགོས་བརྒྱབ་ནས་ལོ་5སོང་ཡོད། ལྷག་སྒྲོན་གྱིས་བོད་ཀྱི་གསོ་བ་རིག་པའི་རིག་གནས་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་ད་དུང་ཡུལ་དེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཧུར་ཐག་ཞུགས་ཡོད། ད་ཆ་ཡུལ་དེ་དབུལ་སྒྲོལ་ཐུབ་པ་དང་ཤང་གི་འཕྲོད་བསྟེན་ཁང་ཡང་གསར་དུ་བརྒྱབ་ཡོད།
     “སློབ་གསོས་ངའི་ལས་དབང་ལ་འགྱུར་ལྡོག་བཏང་བྱུང”ལོ་28ལ་སླེབས་པའི་ལྷག་སྒྲོན་གྱིས་བཤད། ཁོང་གིས་ད་ཆ་སྲིད་ཇུས་ཇེ་ཡག་ཏུ་འགྲོ་བ་དང་རང་ཉིད་ཀྱིས་ལོ་མང་གཞི་རིམ་དུ་གཞི་ཚུགས་པས་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲོན་ཁ་གསབ་སྲིད་ཇུས་ཀྱང་ལོངས་སུ་སྤྱོད་རྒྱུ་ཡོད་ཅེས་བཤད།