འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་10ཉིན།

༄༅།།ཆོས་དབྱིངས་སྐྱིད་ཀྱིས་2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་ཁྲོད་ཨང་
དང་པོ་བླངས་པ།  

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་09ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཆོས་དབྱིངས་སྐྱིད་ཀྱིས་2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་ཁྲོད་ཨང་
དང་པོ་བླངས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་གསལ། པེ་ཅིང་དུས་ཚོད་ཟླ་4ཚེས་7ཉིན་གྱི་ཐོ་རེངས་ལ་མཇུག་འགྲིལ་བའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགྲན་བསྡུར་(ཕོལ་ཐུ་ཀལ་གྱི་ས་ཚིགས)ཁྲོད། མཚོ་སྔོན་ཞིང་ཆེན་ལུས་རྩལ་རུ་ཁག་ཆེ་བ་ནས་ཡིན་པའི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད་1དང་སྐར་མ་29སྐར་ཆ་01གི་གྲུབ་འབྲས་ཀྱིས་སྤྱི་ལེ་20ཡི་བུད་མེད་འགྲན་བསྡུར་ལས་གསེར་གྱི་རྟགས་མ་ཐོབ། འདི་ནི་ཆོས་དབྱིངས་སྐྱིད་ཀྱིས་འགྲན་བསྡུར་དེའི་ཨང་དང་པོ་ལེན་ཐེངས་གསུམ་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་གྱི་ཁྲོད་དུ། ཆོས་དབྱིངས་སྐྱིད་ཀྱིས་དཀའ་བ་ཁྱད་དུ་བསད་ནས་ཀུན་ལས་རྒྱལ་བར་གྱུར་ཅིང་།  ཝུའུ་ཁེ་ལན་གྱི་འགྲན་ཞུགས་པ་དབྱིང་ནཱ་ཁ་ཞི་ནའེ་ལ་ཨང་གཉིས་པ་དང་། ཁོ་ལོམ་པི་ཡའི་འགྲན་ཞུགས་པ་སང་ཏེ་ལ་ཨ་ལེ་ནའེ་སི་ལ་ཨང་གསུམ་པ་ཐོབ་པ་རེད། 
     ལོ་29སླེབས་པའི་ཆོས་དབྱིངས་སྐྱིད་ནི་ད་ལྟར་སྤྱི་ལེ་20ཡི་བུད་མེད་ཀྱི་འགྲན་བསྡུར་ཁྲོད་འཛམ་གླིང་འགྲོ་རྩལ་འགྲན་བསྡུར་གྱི་སྐར་མ་ལས་ཨང་དང་པོ་ཡིན་ཞིང་། ཟླ་བ་སྔོན་མར་མཇུག་འགྲིལ་བའི་2019ལོའི་རྒྱལ་ཡོངས་ཀྱི་འགྲོ་རྩལ་འགྲན་བསྡུར་དང་སྤྱི་ལེ་50ཡི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་འདེམས་གསེས་འགྲན་བསྡུར་ཁྲོད་དུ། མོ་རིང་གིས་ཆུ་ཚོད་1དང་སྐར་མ་25སྐར་ཆ་37གྱི་གྲུབ་འབྲས་ལས་སྤྱི་ལེ་20ཡི་བུད་མེད་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད། འཛམ་གླིང་གི་ལུས་རྩལ་འགྲན་བསྡུར་ཁྲོད་དུ་ལོ་ངོ་8རིང་བསྐྱོད་པའི་བོད་ཀྱི་བུ་མོ་འདི་ནི། རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་ནས་བྱ་དགའ་མང་པོ་ཐོབ་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5པར་ཅང་སུའུ་རུ་སྤེལ་རྒྱུ་ཡིན་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲོ་རྩལ་འགྲན་བསྡུར་དང་འཛམ་གླིང་ལེགས་སྐྱེལ་འགྲན་བསྡུར་གྱི་འདེམས་གསེས་འགྲན་བསྡུར་ལ་ཆོས་དབྱིངས་སྐྱིད་ཀྱིས་གྲ་སྒྲིག་བྱ་རྒྱུ་ཡིན།