འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་8ཉིན།

༄༅།།སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོས་སློབ་ཆེན་འགྲིམ་པའི་ཕུགས་འདུན་འགྲུབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་08ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཤན་ཀན་གྱིས། 
     “ན་ནིང་ང་ལ་བོད་ལྗོངས་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་འབྱོར་སྐབས་ངའི་སྤོ་བོས་དེ་ནི་དངོས་འབྲེལ་ཡིན་པའི་ཡིད་ཆེས་གཏན་ནས་གནང་གི་མི་འདུག”ཅེས་འཛིན་གྲྭའི་ནང་གི་ལོང་བ་འབའ་ཞིག་ཡིན་པའི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2018ལོའི་སློབ་མ་ཚེ་རིང་གིས་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་གླིང་གའི་ནང་གསར་འགོད་པར་འདས་དོན་ཕྱིར་དྲན་བྱེད་བཞིན་དུ་བཤད།
    ལོ་22ལ་སླེབས་པའི་ཚེ་རིང་བོད་ལྗོངས་ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་ལྕམ་མོ་གྲོང་ཚོ་ནས་ཡིན། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་ཁོང་གི་སྤོ་བོ་དང་རྨོ་བོ་གཉིས་ཀ་གཞིས་ཀའི་བྲན་གཡོག་ཡིན་པས་སློབ་གྲྭར་བསྐྱོད་མྱོང་མེད། ཚེ་རིང་ལོ་3ལ་སླེབས་སྐབས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ཐོན་ནས་མིག་ལོང་སྟབས་ཚེ་རིང་གི་འབྱུང་འགྱུར་མི་ཚེའི་བགྲོད་ལམ་ཐད་སྤོ་བོར་སེམས་ཁྲལ་ཚད་མེད་སྐྱེས།
     བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་ཤིང་། “ངའི་ཁྱིམ་ཐག་རིང་གྲོང་གསེབ་ཏུ་ཡོད། བོད་ཀྱིས་འོས་འགན་སློབ་གསོའི‘འགན་ལེན་གསུམ’གྱི་སྲིད་ཇུས་ལག་བསྟར་བྱས་པས་ང་རང་གཞིས་རྩེ་གྲོང་ཁྱེར་དུ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་འགྲོ་རྒྱུ་བྱུང་བ་མ་ཟད། ངའི་སློབ་ཆེན་འགྲིམ་པའི་ཕུགས་འདུན་ཡང་འགྲུབ་ཐུབ་པ་བྱུང་སོང་། ད་ཆ་ང་རང་སློབ་ཆེན་འགྲིམ་སྐབས་རྒྱལ་ཁབ་ཀྱིས་དེ་མཚུངས་ཀྱི་ཁ་གསབ་སྤྲོད་ཀྱི་འདུག”ཅེས་ཚེ་རིང་གིས་བཤད།
     ཚེ་རིང་གིས་བཤད་པའི“འགན་ལེན་གསུམ”ནི་བོད་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་ལ་ཆེད་མངགས་དམིགས་ནས་བཟོས་པའི་འོས་འགན་སློབ་གསོའི་སྲིད་ཇུས་ཤིག་ཡིན་ཏེ། ཕྲུ་གུ་དེ་དག་སློབ་གྲྭར་བསྐྱོད་རིང་རྒྱལ་ཁབ་ཀྱིས་བཟའ་སྡོད་སྦྱོང་སོགས་ཀྱི་འགྲོ་གྲོན་གཏོང་གི་ཡོད། སྲིད་ཇུས་དེས་བོད་རང་སྐྱོང་ལྗོངས་ཀྱི་2018ལོའི་སློབ་ཆུང་དུ་ཞུགས་ཚད་དང་དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། མཐོ་སློབ་སློབ་གསོ་བཅས་ཀྱི་ན་འདྲེས་སློབ་གྲྭར་ཞུགས་ཚད་99.5%དང་། 99.5% 82.3% 39.2%བཅས་སོ་སོར་ཟིན་པ་དང་མི་རེའི་ཆ་སྙོམས་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ལོ་9.55ཡིན་པ་རེད།
     བོད་རྙིང་པར་རྒྱ་ཆེའི་ཞིང་བྲན་དང་དེ་བཞིན་ཁོང་ཚོའི་བུ་ཕྲུག་ལ་སློབ་གསོ་དང་ལེན་བྱེད་དབང་མེད། ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་དུ་དེང་རབས་སློབ་གསོ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། 1951ལོར་བོད་ཀྱི་སློབ་ཆུང་དང་པོ་ཆབ་མདོ་སློབ་ཆུང་དངོས་སུ་སློབ་འགོ་ཚུགས་པ་དང་། 1956ལོར་བོད་ཀྱི་སློབ་འབྲིང་དང་པོ་ལྷ་ས་སློབ་འབྲིང་དངོས་སུ་འགོ་ཚུགས་པ། 1958ལོར་བོད་ཀྱི་མཐོ་སློབ་དང་པོ་བོད་ཀྱི་སྤྱི་སློབ་དངོས་སུ་སློབ་འགོ་ཚུགས་པ། 1985ལོར་སློབ་ལྗོངས་སློབ་ཆེན་དངོས་སུ་བཙུགས་པ་རེད། ད་ཆ་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། དར་མའི་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་སློབ་གསོའི་མ་ལག་བཏོད་དེ་རྒྱལ་ཡོངས་ཀྱི་སྔོན་ལ་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་བར་གྱི་དུས་མཚམས་ཀྱི་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་ཡོད།
     རྒྱལ་ཁབ་ཀྱིས་ལོ་ལྟར་མ་དངུལ་འབོར་ཆེན་བཏང་ནས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་བཏང་བ་མ་ཟད། ད་དུང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་དང་ནང་སའི་བོད་ལྗོངས་འཛིན་གྲྭའི་སྲིད་ཇུས་སོགས་བཏོན་ཡོད། ད་ཆ་བོད་ཀྱི་རྫོང་གྲོང་དང་ཤང་དང་གྲོང་རྡལ་ཡིན་ནའང་འདྲ། ཡང་ན་གྲོང་སྡེ་གང་ཞིག་ཏུ་ཡིན་རུང་བཀྲག་མདངས་འཚེར་ཤོས་ནི་སློབ་གྲྭ་ཡིན། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག ལོ་60ཡི་རིང་མི་རིགས་ཁག་གི་མི་དམངས་འདྲ་མཉམ་ངང་སློབ་གསོ་དང་ལེན་བྱེད་དབང་ཕྱོགས་ཡོངས་ནས་འགན་ལེན་ཐུབ་ཡོད་”ཅེས་ཆབ་མདོ་གྲོང་ཁྱེར་གྱི་སློབ་ཆུང་དང་པོའི་མཐོ་རིམ་དགེ་རྒན་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད།
     “ང་རང་ལོང་བའི་དགེ་རྒན་ཞིག་བྱས་ནས་ལོང་བ་དེ་བས་མང་བར་ཕན་པ་བསྐྲུན་འདོད་ཡོད”ཅེས་ཚེ་རིང་གིས་རེ་བས་ཁེངས་བཞིན་དུ་བཤད།