འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་4ཉིན།

༄༅།།སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཚད་གཞི་བཅུ་དང་འགལ་བའི་དཔེ་མཚོན་དོན་དག་4སྤྱི་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་04ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་3ཉིན། སློབ་གསོ་པུའུ་དྲ་ཚིགས་ལས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཚད་གཞི་བཅུ་དང་འགལ་བའི་དཔེ་མཚོན་དོན་དག་4སྤྱི་བསྒྲགས་བྱས་པ་དང་། དེ་ནི་རིག་གཞུང་ཚུལ་མིན་དང། སློབ་མ་དང་འོས་མིན་གྱི་འབྲེལ་བ་བྱུང་བ། རིན་པ་བླངས་ནས་གསབ་ཁྲིད་བྱེད་པ། སྒྲིག་འགལ་ངང་སློབ་མའི་ཁྱིམ་བདག་གིས་སྤྲད་པའི་ལག་རྟགས་དང་དངུལ་སོགས་བླངས་པའི་ཕྱོགས་མང་པོའི་གནད་དོན་དང་འབྲེལ་ཡོད་པ་རེད། 
     གཅིག ནན་ཅིང་སློབ་ཆེན་གྱི་དགེ་རྒན་ལིའང་ཡིང་གི་རིག་གཞུང་ཚུལ་མིན་གྱི་གནད་དོན། ནན་ཅིང་སློབ་ཆེན་དགེ་རྒན་ལིའང་ཡིང་གིས་སློབ་ཁྲིད་ཀྱི་སྒྲིག་ཁྲིམས་དང་འགལ་ཞིང་། སློབ་ཁྲིད་ལ་ནན་ཏན་མ་བྱས་པ་དང་། ཞིབ་འཇུག་སློབ་མའི་སྐབས་སུ་དཔྱད་རྩོམ་རྐུ་བཤུས་དང་དཔྱད་རྩོམ་བསྐྱར་སྤེལ་ཐེངས་མང་བྱས་པ། གཞན་ལས་བཤུས་པའི་དཔྱད་རྩོམ་རང་ཉིད་ཀྱི་གྲུབ་འབྲས་སུ་བརྩིས་ནས། ལས་གནས་རེ་ཞུའི་སྐབས་སུ་རྫུན་བཟོ་བྱས། སློབ་གྲྭའི་ཏང་ཨུ་(སྲིད་འཛིན)ཡིས་ལིའང་ཡིང་ལ་ཏང་ནང་ནས་ཉེན་བརྡ་གཏོང་བ་དང་། སྲིད་འཛིན་གྱི་སྐྱོན་ཐོ་འགོད་པ། ཞིབ་འཇུག་སློབ་མའི་མཛུན་སྟོན་དགེ་རྒན་གྱི་ཐོབ་ཐང་མེད་པར་བཟོ་པ། སློབ་གསོ་རིག་ཚན་གྱི་ལས་གནས་ལས་ཕྱིར་འཐེན་པ། འབྲེལ་ཡོད་ཤེས་ལྡན་མི་སྣའི་རྣམ་གྲངས་ནས་ཕྱིར་འབུད་པ་དང་མཚམས་འཇོག་པ་བཅས་ཀྱི་ཆད་པ་བཅད་ཅིང་། ལས་རིམ་ལྟར་དགེ་རྒན་གྱི་ཐོབ་ཐང་མེད་པར་བཟོས་པའི་དུས་མཚུངས་སུ་སློབ་གྲྭའི་འབྲེལ་ཡོད་སློབ་གླིང་དང་སྡེ་ཁག་གི་འབྲེལ་ཡོད་མི་སྣར་འགན་འཁྲི་བདའ་འདེད་བྱས་པ་རེད། 
     གཉིས། ཀྲེང་ཀྲོའུ་ཚན་རྩལ་སློབ་གླིང་གི་རོགས་ཁྲིད་པ་ཡེ་ཁྲེང་དང་སློབ་མའི་བར་འོས་མིན་གྱི་འབྲེལ་བ་ཡོད་པའི་གནད་དོན། ཀྲེང་ཀྲོའུ་ཚན་རྩལ་སློབ་གླིང་གི་རོགས་ཁྲིད་པ་ཡེ་ཁྲེང་གིས་གཉེན་སྒྲིག་བྱས་རྗེས་སུ་སློབ་མ་ཞིག་དང་ལོ་2རིང་ལ་འོས་མིན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས་པ་རེད། སློབ་གྲྭའི་ཏང་ཨུ(སྲིད་འཛིན)ཡིས་ཡེ་ཁྲེང་ཏང་གི་སྐྱིད་སྡུག་ནས་འབུད་པ་དང་། ངལ་རྩོལ་གྱི་གན་རྒྱ་ཕྱིར་འཐེན་བྱེད་པའི་ཐག་བཅད་ཅིང་། ལས་རིམ་ལྟར་དགེ་རྒན་གྱི་ཐོབ་ཐང་མེད་པར་བཟོས་པ་རེད། 
     གསུམ། ཨན་ཧུའེ་ཞིང་ཆེན་ཐུང་ལིན་གྲོང་ཁྱེར་གྱི་དགེ་རྒན་3གྱིས་རིན་པ་བླངས་ནས་སློབ་མར་གསབ་ཁྲིད་རྩ་འཛུགས་བྱས་པའི་གནད་དོན། ཐུང་ལིན་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་སྒྲིག་ཁྲིམས་དང་འགལ་ཏེ་རིན་པ་བླངས་ནས་གསབ་ཁྲིད་བྱས་པའི་དགེ་རྒན་དག་བརྡ་ཁྱབ་བཏང་བ་རེད། དེའི་ཁྲོད་དུ་གྲོང་ཁྱེར་སློབ་འབྲིང་དང་པོའི་གྲངས་རིག་དགེ་རྒན་ཧྥང་ཧྥུའུ་ཏེས་རང་གི་སྡོད་ཁང་གི་ས་འོག་ཁང་པའི་ནང་སློབ་མ་ལ་རིན་པ་བླངས་ནས་གསབ་ཁྲིད་བྱས་པ་དང་། གྲོང་ཁྱེར་སློབ་འབྲིང་ཨང་བཅོ་ལྔ་པའི་རྒྱ་ཡིག་དགེ་རྒན་ཕན་ཐའོ་ཡིས་རང་ཁྱིམ་དུ་སློབ་མ་ལ་རིན་པ་བླངས་ནས་གསབ་ཁྲིད་རྩ་འཛུགས་བྱས་པ། གྲོང་ཁྱེར་སློབ་འབྲིང་བཅུ་པའི་དབྱིན་ཡིག་དགེ་རྒན་ཝང་ཀྲི་པེ་ཡིས་སློབ་མའི་ཁྱིམ་བདག་ནས་སློབ་ཁང་གཡར་བ་དང་། སློབ་མ་ལ་རིན་པ་བླངས་ནས་གསབ་ཁྲིད་རྩ་འཛུགས་བྱས་པ་རེད། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གོང་དུ་བཤད་པའི་དགེ་རྒན་ཚོར་ཉེན་བརྡ་བཏང་བ་དང་། སྒྲིག་འགལ་ངང་བླངས་པའི་རྒྱུ་ནོར་ཕྱིར་སློག་གཙང་སེལ་བྱས་ཤིང་། ལོ་འཁོར་གྱི་དཔྱད་གཞི་ཚད་མི་ལོན་པ་དང་། ལོ་འཁོར་གྱི་བྱ་དགའ་རང་བཞིན་གྱི་གྲུབ་འབྲས་གླ་ཕོགས་དང་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་བཅས་མེད་པར་བཟོས་པ་རེད། 
     བཞི། ཧེ་ལུང་ཅང་ཞིང་ཆེན་ཧར་པེན་གྲོང་ཁྱེར་གྱི་དགེ་རྒན་ན་ཀྲུང་ཧྭ་ཡིས་སྒྲིག་འགལ་ངང་སློབ་མའི་ཁྱིམ་བདག་གིས་སྤྲད་པའི་ལག་རྟགས་དང་དངུལ་བླངས་པའི་གནད་དོན། ཧེ་ལུང་ཅང་ཞིང་ཆེན་གྱིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་སྒྲིག་འགལ་ངང་ལག་རྟགས་དང་དངུལ་བླངས་པ་དང་། རིན་པ་བླངས་ནས་གསབ་ཁྲིད་བྱས་པའི་གནད་དོན་བརྡ་ཁྱབ་སྤེལ་བ་རེད། དེའི་ཁྲོད་དུ་ཧར་པེན་གྲོང་ཁྱེར་ཨ་ཁྲེང་ཆུས་ཚོད་ལྟ་སློབ་ཆུང་གི་དགེ་རྒན་ན་ཀྲུང་ཧྭ་ཡིས་སྒྲིག་འགལ་ངང་ཁྱིམ་བདག་ཞིག་གིས་ཐེངས་6ལ་སྐད་འཕྲིན་བརྒྱུད་དེ་ཁྱོན་སྒོར་2200སྤྲད་པ་དེ་བླངས་ཡོད། ན་ཀྲུང་ཧྭར་སྐྱོན་ཐོ་འགོད་པ་དང་། ལོ་དེའི་གྲུབ་འབྲས་གླ་ཕོགས་དང་བྱ་དགའ་ཕྱིར་འཐེན་པ། ལོ་དེའི་སྔོན་ཐོན་དཔྱད་འདེམས་རིམ་སྤར་ཐོབ་ཐང་མེད་པར་བཟོ་བ་བཅས་ཀྱི་ཆད་པ་བཅད་ཅིང་། སྒྲིག་འགལ་ངང་བླངས་པའི་དངུལ་ཚང་མ་ཕྱིར་སློག་དུ་བཅུག་ཡོད། ཚོད་ལྟ་སློབ་ཆུང་གི་སློབ་ཁྲིད་འགན་འཁུར་བ་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་རེད།