འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་4ཉིན།

༄༅།།སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་གངས་ལྗོངས་ས་མཐོར་
རེ་བ་གསར་པས་ཁེངས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་04ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཧྲང་ཧའེ་ཡིས་སྔ་རྗེས་སུ་ཁག་བཞིའི་ཕུལ་བྱུང་སྨན་བཅོས་ཤེས་ལྡན་མི་སྣ་82གཞིས་རྩེར་སྨན་བཅོས་བྱེད་པར་མངགས་པ།
     གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྒོ་བསྟེན་སྨན་བཅོས་བྱེད་ཚད་བསྡོམས་འབོར་མི་ཐེངས་141717ཟིན་ནས་དུས་མཚུངས་ལས་32.22%འཕར་བ།
    འཕྲལ་བཅོས་བྱེད་ཚད་བསྡོམས་འབོར་མི་ཐེངས་39472ཟིན་ནས་དུས་མཚུངས་ལས་138.48%འཕར་ཡོད།
    “2018ལོར། སྨན་ཁང་གིས་གཤགས་བཅོས་ཐེངས་7000ཙམ་བྱས་པ་ལས། བརྒྱ་ཆ་སུམ་ཅུ་ནི་རིམ་པ་གསུམ་པ་ཡན་གྱི་གཤགས་བཅོས་རེད། དེ་ནི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་མ་བྱས་གོང་བསམ་ཡང་མི་ཕོད་པ་ཞིག་རེད”ཅེས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཧྲང་ཧའེ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཁོངས་མི་ལུང་ཙེ་ཝུན་གྱིས་བརྗོད།
     གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་1955ལོར་བསྐྲུན་པ་དང་། བསྐྲུན་མ་ཐག་པའི་སྐབས་སུ་སྨན་ཁང་ལ་སྨན་དོན་མི་སྣ་46དང་ནད་ཁྲི་13ལས་མེད།
     1994ལོར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་རྗེས། ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་སྨན་ཁང་གི་མཁྲེགས་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
     “CTདཔྱད་ཆས་དང་པོ་དང་། ཉིང་རྡུལ་ཁབ་ལེན་མཉམ་འདར་འཕྲུལ་ཆས་དང་པོ། ཡོངས་རྫོགས་རང་འགུལ་གྱི་སྐྱེ་དངོས་རྫས་འགྱུར་དབྱེ་ཞིབ་ཡོ་བྱད་དང་པོ། ནད་བརྟག་ཚོན་པར་དང་པོ་སོགས་རིམ་བཞིན་བཀོད་སྒྲིག་བྱས་པ་དང་། 2014ལོར་སླེབས་སྐབས་སྨན་ཁང་ལ་ཚན་ཁག་39ཟིན་པ་དང་། སྨན་དོན་མི་སྣ་བསྡོམས་འབོར་300ལྷག་ཙམ་ཟིན་ཞིང་། སྨན་ཁང་གི་ཕྱི་ཕྱོགས་སུ་མཁོ་འདོན་བྱས་པའི་ནད་ཁྲི་400ཙམ་ཟིན་ཡོད་པ་རེད། ཡིན་ནའང་མཁྲེགས་ཆས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡང་མཉེན་ཆས་ད་དུང་ལེགས་བཅོས་བྱེད་དགོས་ཀྱི་ཡོད།
     ལུང་ཙེ་ཝུན་གྱིས“སྨན་བཅོས་བོད་སྐྱོར་བྱེད་སྐབས་དེ་སྔ་མི་གཙོ་བོ་གཉིས་ལས་མེད། ལས་བྱེད་པ་གཅིག་གིས་འཕྲོད་བསྟེན་སྡེ་ཚན་དུ་དོ་དམ་ལས་ཀ་བྱེད་པ་དང་རིགས་གཅིག་མཁས་ཅན་གཅིག་གིས་སྨན་ཁང་གི་ཡོན་ཀྲང་གཞོན་པའི་འགན་འཁུར་གྱི་ཡོད། རིགས་གཅིག་མཁས་ཅན་གྱིས་གཤགས་བཅོས་ཡག་པོ་བྱེད་མོད། འོན་ཀྱང་སྦིར་སྨན་སྨན་པའི་ཆུ་ཚད་ཚད་གཞིར་སླེབས་མེད། གལ་སྲིད་རིགས་གཅིག་མཁས་ཅན་འདི་གཤམ་སྐྱོད་བྱས་པའམ་ཡང་ན་འཁོར་ཤག་ཏུ་བསྐྱོད་ན་གཤགས་བཅོས་བྱེད་མཁན་མེད”ཅེས་ངོ་སྤྲོད་བྱས།
     སྨན་བཅོས་ཁྱབ་ཁོངས་ཀྱི་བོད་སྐྱོར་བྱེད་སྟངས་བསྒྱུར་བཅོས་བྱེད་པའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པས། 2015ལོར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་ཞེ་ཧོ་སྨན་ཁང་སོགས་སྣེ་ཁྲིད་ཚན་པ་8དང་ཚན་ཁག་འགན་གཙང་ལེན་པའི་སྨན་ཁང་65ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མི་དམངས་སྨན་ཁང་གཞན་དག་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གཏན་འཁེལ་བྱས་པ་རེད།
     ཧྲང་ཧའེ་ཡིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཏེ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་འཛུགས་སྐྲུན་གྱི་འགན་ཁུར་ནས་སྔ་རྗེས་སུ་ཁག་བཞིའི་ཕུལ་བྱུང་སྨན་བཅོས་ཤེས་ལྡན་མི་སྣ་82བོད་དུ་སྨན་བཅོས་བྱེད་པར་མངགས་པ་དང་། སྨན་པ་དཀའ་བཅུ་པའི་ཚོགས་སྒྲིག་ཤེས་ལྡན་མི་སྣ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་དུ་བསྐྱོད་པ་བརྒྱུད་སྨན་ཁང་གི་སྨན་བཅོས་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་ཆབས་ཅིག ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཆེད་རྨང་གཞི་ཡག་པོ་བཏིངས་ཡོད།
     “འཇུ་བྱེད་ཁོག་ནད་ཚན་ཁག་ཏུ་ས་གནས་དེ་གའི་སྨན་པ་10ཡོད། དེ་གོང་འཇུ་བྱེད་ཕོ་ཤེལ་གཤགས་བཅོས་ལག་རྩལ་ཤེས་མཁན་སྨན་པ་གཅིག་ལས་མེད། ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་བྱས་པའི་ལོ་བཞི་པར། སྨན་པ་6གིས་འཇུ་བྱེད་ཕོ་ཤེལ་ཞིབ་དཔྱད་ཚད་ལེན་ཆ་ཚང་བྱེད་ཤེས་པ་དང་ཆབས་ཅིག ལུས་འཛུལ་དངོས་པོ་ལེན་ཤེས་པ་དང་ཤེལ་བརྒྱུད་ཁྲག་འགོག་པ་སོགས་ཀྱི་ལག་རྩལ་ཤེས་ཀྱི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་ཁུར་བས་བརྗོད།
    2017ལོའི་ལོ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རིམ་གསུམ་ཀ་པའི་སྨན་ཁང་གཏོད་པའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཞིང་། 2018ལོའི་ལོ་མཇུག་བར། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྒོ་བསྟེན་སྨན་བཅོས་བྱེད་ཚད་བསྡོམས་འབོར་མི་ཐེངས་141717ཟིན་པ་དང་། འཕྲལ་བཅོས་བྱེད་ཚད་བསྡོམས་འབོར་མི་ཐེངས་39472ཟིན་པ་དེ་དུས་མཚུངས་ལས་སོ་སོར་32.22%དང་138.48%འཕར་ཡོད།
     རང་སྐྱོང་ལྗོངས་དང་རྫོང་གི་སྨན་ཁང་18དང་སྨན་བཅོས་མཉམ་འབྲེལ་གྲོས་མཐུནབཞག་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱིས“ཧྲང་ཧའེ་དང་། གྲོང་ཁྱེར་སྨན་ཁང་། རྫོང་དང་ཤང་བཅས་ལྷན་དུ་འབྲེལ་བའི”ཕྱོགས་གསུམ་གཞི་གཅིག་གི་བྱེད་ཐབས་གསར་པ་བཏོད་ནས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལ་བརྟེན་ནས་རྒྱ་ཆེའི་ཞིང་འབྲོག་པ་དེ་བས་མང་བ་གཟུགས་གཞི་བདེ་ཐང་ཡོང་བར་བྱས་ཡོད།
     “བདེ་ཐང་ཡོད་ན། གཞི་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ”ཅེས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་ལོ་60ལ་སླེབས་པའི་བགྲེས་སོང་ཆུང་བདག་གིས་བརྗོད་ཅིང་། ད་ཆ་བགྲེས་སོང་མཚམས་རེ་གཟུགས་པོ་བདེ་པོ་མ་བྱུང་ན་ཤང་སྨན་ཁང་ནས་སྨན་བཅོས་ཐུབ་པ་དང་། ནད་གཞི་ཅུང་ལྕི་ཙམ་ཡོད་ན་ཆུ་ཚོད་ཕྱེད་ཀའི་ནང་རྫོང་གྲོང་དུ“ཧྲང་ཧའེ་ཡི་ཆུ་ཚད”ལྡན་པའི་སྨན་བཅོས་ཐུབ་ཀྱི་ཡོད། ཁོང་གིས“ད་ཆ་སྨན་པ་བསྟེན་པར་ཧ་ཅང་སྟབས་བདེ་པོ་འདུག བདེ་སྐྱིད་ལྡན་པའི་འཚོ་བ་ཡུན་རིང་ཙམ་སྐྱེལ་རྒྱུ་བྱུང་ན་སྙམ”ཞེས་བརྗོད་ཀྱི་འདུག