འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་4ཉིན།

༄༅།།མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་གངས་སྐྱོན་གནོད་འགོག་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། 

རིགས་ཁག་གི་གེགས་སེལ་མ་དངུལ་བསྡོམས་འབོར་སྒོར་ཁྲི་36595.1དོན་འཁྱོལ་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་04ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་29ཉིན་གསར་འགོད་པས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་གངས་སྐྱོན་གནོད་འགོག་གེགས་སེལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་གི་ཟླ་12ཚེས་28ཉིན་ནས་བཟུང་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དུ་བསྟུད་མར་གངས་བབས་ཏེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དང་། མགོ་ལོག མཚོ་ཤར་བཅས་ཀྲོའུ་3གྱི་དུད་ཚང་ཁྲི་5.3དང་མི་ཁྲི་21.01ལ་གནོད་འཚེ་ཕོག་པ་དང་། གནོད་འཚེ་ཕོག་པའི་འབྲོག་དུད་2862དང་མི་9652སྤོ་བའི་བཀོད་སྒྲིག་བྱས་པ། ཕྱུགས་རིགས་མགོ་གྲངས་ཁྲི་22.33སྤོས་པ་མ་ཟད། གནོད་འཚེས་རྐྱེན་པས་ཕྱུགས་རིགས་མགོ་གྲངས་ཁྲི་5.79ཤི་ནས་ཐད་ཀའི་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་1.92ཕོག་ཡོད་པ་རེད། རིམ་པ་ཁག་དང་ཕྱོགས་ཁག་གིས་འབད་བརྩོན་ལྷོད་མེད་དང་ཁ་གཏད་ནུས་ལྡན་བཅག་པ་བརྒྱུད། གནོད་འཚེའི་གྱོང་གུན་ཕོག་ཚད་ཆུང་དུ་ཤུགས་ཆེན་ཕྱིན་ཞིང་། མི་སྣ་ཤི་སྨས་དང་རིམས་ནད་ཀྱི་གནས་ཚུལ་གཅིག་ཀྱང་ཐོན་མེད་ལ། གེགས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་ཏེ། མིག་སྔར་གེགས་འགོག་གེགས་སེལ་གྱི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གངས་འབབ་ཚད་ལོ་རྒྱུས་ཐོག་མཐུག་ཤོས་ཡིན་ཞིང་། ས་ཁུལ་ཁག་གཅིག་ལ་གངས་གསོག་ཐེབས་ཚད་ལི་སྨི་45ཟིན་པ་ནི་མཚོ་སྔོན་ཞིང་ཆེན་ལ་1961ལོའི་ཚུན་དུ་ཕོག་པའི་ཚབས་ཆེ་ཤོས་ཀྱི་གངས་སྐྱོན་ཞིག་རེད། གནོད་འཚེ་ཕོག་ཚད་ལ་གཞིགས་ནས། ཡུལ་ཤུལ་ཀྲོའུ་དང་མགོ་ལོག་ཀྲོའུ་སོ་སོས་ཀྲོའུ་རིམ་པ་Iདང་IIIགྱི་གེགས་སེལ་འཕྲལ་སྡོམ་བརྡ་ལན་བྱེད་ཐབས་སྤྱད་པ་དང་། ཞིང་ཆེན་གྱིས་IIIརིམ་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་བྱེད་ཐབས་དུས་ཐོག་ཏུ་སྤྱད་པ་རེད། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་ཟླ་2ཚེས་18ཉིན་རྒྱལ་ཁབ་ཀྱི་IVརིམ་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་བྱེད་ཐབས་སྤྱད་ཡོད། གེགས་སེལ་འཕྲལ་སྡོམ་གྱི་བརྡ་ལན་དེ་དག་གིས་སྤྱི་ཚོགས་ཡོངས་དེར་ཞུགས་རྒྱུར་སྐུལ་སློང་དང་། རྒྱལ་ཁབ་དང་ཕྱོགས་ཁག་གི་མ་དངུལ་གྱིས་རྒྱབ་སྐྱོར་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། མིག་སྔའི་བར་རིགས་ཁག་གི་གེགས་སེལ་མ་དངུལ་བསྡོམས་འབོར་སྒོར་ཁྲི་36595.1དོན་འཁྱོལ་བྱས་ཡོད་པ་དེ་དག་གིས་མཚོ་སྔོན་གྱི་གངས་སྐྱོན་ཚབས་ཆེན་སེལ་བའི་མཐའ་མའི་རྒྱལ་ཁ་ལེན་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།