འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་4ཉིན།

༄༅།།འབྲི་ཆུའི་ཆུ་འགོ་ཁུལ་གྱི་སྨར་ཁོག་གཙང་པོའི་རྒྱུག་ཁུལ་ནས་སྲེ་མོང་ཨོག་
དཀར་ཐོག་མར་མཐོང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་04ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚན་ཞིབ་མི་སྣས་ཉེ་ཆར་འབྲི་ཆུའི་ཆུ་འགོ་ཁུལ་གྱི་སྨར་ཁོག་གཙང་པོའི་རྒྱུག་ཁུལ་དུ་སྲེ་མོང་ཨོག་དཀར་མཐོང་ནས་པར་བླངས་པ་དང་། གཞན་ད་དུང་གླ་བ་དང་། ཀྲུང་ཧྭ་ར་རྒོད། ཤྭ་བ་སེར་ཆེན་སོགས་རི་དྭགས་གཞན་དག་ཀྱང་མཐོང་བ་རེད།
     ན་ནིང་གི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ། གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གཉིས་ཀྱིས་མཉམ་ལས་ཐོག་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་གི་སྨར་ཁོག་གཙང་པོའི་རྒྱུག་ཁུལ་དུ་སྲོག་ཆགས་ཀྱི་སྣ་མང་རང་བཞིན་ལ་བརྟག་ཞིབ་བྱས་ནས། དམར་ཕྱིའི་པར་ཆས་ཁྱོན་60བཙུགས་པར། ཉིན་80ཙམ་གྱི་ནང་ཁྱོན་རི་དྭགས་རིགས་18དང་འདབ་ཆགས་རིགས་9པར་ལེན་ཐུབ་ཡོད་པ་རེད།
     པེ་ཅིང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གཙང་གསུམ་ཆུ་འགོ་རྣམ་གྲངས་ཀྱི་ཀྲུའུ་རེན་ཀྲའོ་ཞང་གིས། ཐེངས་འདིའི་བརྟག་ཞིབ་ལ། ཚན་ཞིབ་མི་སྣས་སྲེ་མོང་ཨོག་དཀར་པར་དུ་ལེན་ཐུབ་པ་ནི་མཚོ་སྔོན་ས་ཁུལ་ལ་མཚོན་ན་ཐེངས་དང་པོ་རེད། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པའི་སྲེ་མོང་ཨོག་དཀར་ནི་ཨེ་ཤེ་ཡའི་ཤར་ལྷོ་དང་ཧི་མ་ལ་ཡའི་ལྷོ་འདབས། དེ་བཞིན་ཆིན་ལིང་ལྷོ་རྒྱུད་ཀྱི་ནགས་ཁུལ་དུ་ཡོད་ལ། ཁྱུ་ཚོགས་བསྒྲིགས་ནས་གླ་བ་དང་ཤྭ་བ་སོགས་རི་དྭགས་ཆུང་གྲས་བསད་དེ་ཟ་བཞིན་ཡོད་ཅེས་བརྗོད་པ་རེད།
     པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་མཆོག་རམས་པ་ཞའོ་ལིང་ཡུན་གྱིས། སྨར་ཁོག་གཙང་པོའི་རྒྱུག་ཁུལ་ནི་ས་མཐོའི་གྲོག་རོང་གི་ནགས་ཁུལ་དུ་གཏོགས་པ་དང་། དཔེ་མཚོན་ཅན་གྱི་ནགས་ཚལ་སྲོག་ཆགས་ཏེ་སྲེ་མོང་ཨོག་དཀར་ས་གནས་དེ་གར་འཚོ་སྡོད་བྱེད་པའི་ཐོག་ནས། ས་ཁུལ་འདི་ནི་སྲོག་ཆགས་ཀྱི་རིགས་ཧ་ཅང་ཕུན་སུམ་ཚོགས་ཤིང་ལྷོ་བྱང་གི་སྲོག་ཆགས་མང་པོ་འཚོ་སྡོད་གནས་སྤོ་བྱ་ཡུལ་ཞིག་ཡིན་པ་མཚོན་ཡོད་ཅེས་བརྗོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བརྟག་ཞིབ་ལས་ད་དུང་ཤྭ་བ་མཆུ་དཀར་དང་གླ་བ་སོགས་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དང་། ཀྲུང་ཧྭ་ར་རྒོད་དང་། ཤྭ་བ་སེར་ཆེན། ཤྭ་བ་མགོ་ཟིང་སོགས་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་7ཡང་མཐོང་ཡོད་པ་རེད། སྨར་ཁོག་གཙང་པོའི་རྒྱུག་ཁུལ་ནི་གཙང་གསུམ་ཆུ་འགོ་ཁུལ་ཧྲིལ་པོའི་རི་དྭགས་ཆེས་མང་ས་ཞིག་ཡིན་པ་འབྲེལ་ཡོད་གྲུབ་འབྲས་ལས་ར་འཕྲོད་བྱུང་ཡོད།
     གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་མི་སྣས། སྨར་ཁོག་གཙང་པོའི་རྒྱུག་ཁུལ་དུ་སྣོད་བཅུད་ལེགས་ཤིང་སྲོག་ཆགས་སྣ་མང་ཕུན་སུམ་ཚོགས་པ་ཡོད། རི་དྭགས་མང་པོ་ཡོད་པ་འདིའི་ཐོག་ནས། ས་གནས་དེ་གར་གཅན་གཟན་ཆེ་གྲས་ཀྱང་མང་པོ་ཡོད་སྲིད་པ་མཚོན་ཡོད་ཅེས་བརྗོད།
    ཟླ་3ཚེས་28ཉིན། ཚན་ཞིབ་མི་སྣས་སྨར་ཁོག་གཙང་པོའི་རྒྱུག་ཁུལ་དུ་གཟིག་ཀྱང་མཐོང་བ་དང་། སླད་ཕྱིན། ས་གནས་དེ་གའི་གཅན་གཟན་ཆེ་གྲས་ལ་བརྟག་ཞིབ་ཀྱི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་གྱི་ཡིན་ཞེས་བརྗོད།