འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་4ཉིན།

༄༅།།ཀྲུང་དབྱང་གི་རིམ་པ་ནས་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་
པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་འཛུགས་འགོ་བཙུགས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་04ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། 《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་བརྡ་ཐོ》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་ཆེད། ཀྲུང་དབྱང་གི་རིམ་པ་ནས་ཆེད་དོན་ལས་ཀའི་ལམ་སྲོལ་བཙུགས་ཡོད། ཟླ་4ཚེས་1ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཤུའེ་ཞང་གིས་པེ་ཅིང་དུ་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་པ་ལས་འགན་གལ་ཆེན་དུ་བརྩིས་ནས་ནུས་ལྡན་གོ་ཆོད་ཀྱི་བཅོས་སྒྲིག་བྱེད་ཐབས་འདོན་དགོས་པའི་ནན་བཤད་ཡང་ཡང་གནང་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་སྤྱོད་ཚུལ་གྱི་གནད་དོན་ཙམ་མ་ཟད། ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་རེད། དེས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་གནོད་འཚེ་བཟོ་བ། ཏང་གི་གཟུགས་བརྙན་གཏོར་སྐྱོན་གཏོང་བ། དུས་ཡུན་རིང་པོ་སོང་རྗེས་ཏང་གི་སྲིད་འཛིན་རྨང་གཞིར་གཡོ་འགུལ་ཐེབས་སྲིད་པ་ང་ཚོས་ངོས་འཛིན་གསལ་པོ་ཐུབ་པར་བྱེད་དགོས་ཞེས་བསྟན་ཡོད།
     ཚོགས་འདུའི་ཐོག ཀྲུང་དབྱང་གི《བརྡ་ཐོར》ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་ཆེད་ལྡོག་མེད་ཀྱི་བྱེད་ཐབས་དང་བླང་བྱ་བཏོན་ཡོད། དེས་ན་དད་སེམས་བརྟན་པོ་དང་བྱ་སྤྱོད་ངོ་མར་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ལྷག་དོན་དུ་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ཁོངས་མིའི་ཚན་པ་དེར་ཞུགས་ནས་སྡེ་ཚན་འདི་ག་དང་ཁོངས་གཏོགས་འདི་གའི་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་དག་ཐེར་བྱེད་དགོས། དོན་འཁྱོལ་ལ་དོ་དམ་བྱེད་སྟངས་གསར་གཏོད་དང་། ཏན་ཏན་ཏིག་ཏིག་ངང་གནད་དོན་ཐག་གཅོད། ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་མཚོན་གྱི་གནད་དོན་བརྡ་ཁྱབ་དང་དམར་རྗེན་དུ་འདོན་པ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་འགོག་པའི་བྱེད་ཐབས་ལ་བརྟེན་ཏེ་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
    ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ལས་དོན་སྤེལ་ནས་ཀྲུང་དབྱང་གཞུང་ལས་ཐིང་གིས་སྣེ་ཁྲིད་པ་དང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཨུད་ལས་ཁུངས་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དེར་ཞུགས་ཏེ་དོན་འཁྱོལ་གྱི་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་དང་སྐུལ་འདེད་གཏོང་བའི་འགན་འཁུར་ཡོད། ཆེད་དོན་ལས་ཀའི་ལམ་སྲོལ་གཞུང་ལས་ཁང་དེ་ཀྲུང་དབྱང་གཞུང་ལས་ཁང་ལྟ་བཤེར་ཁང་དུ་བཙུགས་ཡོད།