འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་2ཉིན།

༄༅།།ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ལས་བོད་ལ་ཡུལ་སྐོར་ཡོང་མཁན་མང་དུ་ཕྱིན་ནས་
ཁྱད་ལྡན་དཔལ་འབྱོར་ལ་སྐུལ་འདེད་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་02ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ལས་བོད་ལ་ཡུལ་སྐོར་ཡོང་མཁན་མང་དུ་ཕྱིན་ནས་
ཁྱད་ལྡན་དཔལ་འབྱོར་ལ་སྐུལ་འདེད་ཐུབ་པ།
      ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། བོད་དུ་དཔྱིད་ཀ་ཤར་མ་ཐག“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་པའི་ཉིང་ཁྲིའི་ས་ཕྱོགས་གང་སར་མེ་ཏོག་རབ་ཏུ་བཞད་པ་དང་ཡུལ་སྐོར་བས་ཁེངས་ཤིང་། གསར་འགོད་པར་ཟླ་3ཚེས་29ཉིན་འགོ་ཚུགས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པ་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲི་གྲོང་ཁྱེར་གྱིས་ཁམ་བུའི་མེ་ཏོག་འབྲེལ་ཐག་ཏུ་བྱས་ཏེ་2018ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་713.5ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་37.56%འཕར་ཡོད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ལས་བོད་ལ་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ནས་བོད་ཀྱི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཡོད་པ་རེད།
     ཉིང་ཁྲི་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཏིང་ཡུང་ཧུའེ་ཡིས་འདི་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་ནང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུ་འཁོར་བའི་མི་རིགས་ཀྱི་གཉེན་སྟོན་དང་། རྒྱན་གོས་འགྲེམས་སྟོན། བོད་ལྗོངས་ཧི་མ་ལ་ཡ་རླངས་འཁོར་བྱེས་བགྲོད་འགྲན་བསྡུར་གྱི་ཉིང་ཁྲིའི་འགྲན་རའི་འགྲན་བསྡུར་སོགས་ཀྱི་རྣམ་གྲངས་གསར་དུ་བསྣན་པ་དང་ཆབས་ཅིག གངས་ལྗོངས་ཀྱི་ཁམ་བུའི་མེ་ཏོག་ཉིང་ཁྲིའི་སྦི་རག་རོལ་དབྱངས་དུས་ཆེན་དང་། “ཁམ་བུའི་ཞིང་ཁམས་ཀྱི་ལག་རྟགས”ཞེས་པའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། “ཁམ་བུའི་ཞིང་ཁམས་ཀྱི་ཞིམ་ཟས”ཞེས་པའི་ཁྱད་ལྡན་ཞིམ་ཟས་འགྲེམས་ཚོང་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཡུལ་སྐོར་ལས་རིགས་དང་ལེགས་ལྡན་ཐོན་ལས་གཞན་དག་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། དུས་ཆེན་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་དུས་ཆེན་ལ་བརྟེན་ནས་རྣམ་པ་བཟང་པོ་བཏོད་དེ་ཁམ་བུའི་མེ་ཏོག་སྤུས་རྟགས་ཀྱིས་ལྗོངས་གཟིགས་མ་འཇོག་གི་ཡིད་དབང་འགུག་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
     2018ལོར། བོད་ལྗོངས་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3368.7ཟིན་པ་དང་། ཉིང་ཁྲི་གྲོང་ཁྱེར་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་59.22བྱུང་བ་དེ་ལོ་གོང་མ་ལས་30.26%འཕར་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་བོད་ཀྱི་ཚོང་ལས་འཕེལ་རྒྱས་ལ་རིམ་བཞིན་སྐུལ་ཁྲིད་ཐུབ་ཡོད་ཅིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཧྲི་ཀྲང་དབང་འདུས་ཀྱིས་ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བས་ཡུལ་སྐོར་བའི་མི་གྲངས་ལོ་རེ་བཞིན་མང་དུ་ཤུགས་ཆེན་ཕྱིན་ཡོད། ཉིང་ཁྲིས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུར་གཞོལ་ནས་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་གསར་པ་བཏོན་པས་སྒོར་དུང་ཕྱུར་ཡན་གྱི་ཁེ་ལས་བྱེད་པོ་76ཉིང་ཁྲིར་གཞིས་ཆགས་རྒྱུའི་ཡིད་དབང་བཀུག་པའི་ཁར་ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཉིང་ཁྲིར་ནགས་ཚལ་ཁྱབ་ཚད་53.6%ཟིན་པ་དང་། ཡར་ཀླུང་གཙང་པོའི་རོང་ཆེན་དང་། གནམ་ལྕགས་འབར་བ། མི་སྟོད་འཁྱགས་རོམ། བྲག་གསུམ་མཚོ་སོགས་སྐད་གྲགས་ཆེ་བའི་རང་བྱུང་མཛེས་ལྗོངས་མང་པོ་ཡོད། 2002ལོ་ནས་འགོ་ཚུགས་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ནི་ཉིང་ཁྲིའི་ལོ་གཅིག་ནང་གི་ཡུལ་སྐོར་བྱེད་མང་ཤོས་ཀྱི་དུས་ཚིགས་ཤིག་རེད། ཁམ་བུའི་མེ་ཏོག་དུས་ཆེན་རིང་། དམངས་སྤྱོད་མཁའ་འགྲུལ་སྡེ་ཚན་གྱིས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཧྲེན་ཀྲེན། ཀོང་ཀྲོའུ། ཤིས་ཨན་སོགས་ཀྱི་ས་ཆ་ནས་ཉིང་ཁྲིའི་བར་གྱི་དུས་གཏན་གནམ་གྲུ་མང་དུ་བཏང་སྟེ་ཡུལ་སྐོར་བའི་འགྲོ་སྐྱོད་ཀྱི་དགོས་མཁོ་བསྐངས་ཡོད་པ་རེད།
༄༅།།ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ལས་བོད་ལ་ཡུལ་སྐོར་ཡོང་མཁན་མང་དུ་ཕྱིན་ནས་
ཁྱད་ལྡན་དཔལ་འབྱོར་ལ་སྐུལ་འདེད་ཐུབ་པ།