འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་2ཉིན།

༄༅།།བོད་ཀྱི་ཞིང་འབྲོག་པའི་འཚོ་བར་འཕོ་འགྱུར་རླབས་ཆེན་བྱུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་02ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      “འདི་ལོ་ངེད་ཁྱིམ་ལ་རྩྭ་རའི་ཁ་གསབ་ཁོ་ན་སྒོར་ཁྲི་1ལྷག་བྱུང་བའི་ཐོག་ཁ་གསབ་གཞན་བསྣན་ན་དེ་བས་མང་བ་འདུག”ཅེས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ས་དམར་མདའ་ཤང་གི་རྒན་མོ་སྒྲོལ་མས་གསར་འགོད་པར་བཤད། ལོ་79ལ་སླེབས་པའི་ཁོང་ས་དམར་མདའ་ཤང་དུ་མི་ཚེ་གཅིག་འཚོ་བ་བསྐྱལ་བས་ལོ་བཅུ་ཕྲག་རིང་གི་བོད་ཀྱི་ཞིང་འབྲོག་པའི་འཚོ་བའི་འཕོ་འགྱུར་གྱི་དཔང་པོ་བྱས་ཡོད།
      《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། བོད་རྙིང་པར་བཀའ་ཤག་ས་གནས་སྲིད་གཞུང་གིས་བསྡུ་བའི་ཁྲལ་རིགས་ཁོ་ན་སྣ་ཁ་200ལྷག་ཡོད། འཚོ་གནས་ཐུབ་ཕྱིར་ཞིང་བྲན་རྣམས་ཀྱིས་བུ་ལོན་ཡང་ནས་ཡང་དུ་མ་གཡར་ཀ་མེད་བྱུང་ཞིང་། བུ་ལོན་ཟུག་པའི་ཞིང་བྲན་གྱིས་ཞིང་བྲན་བསྡོམས་འབོར་གྱི་90%ཡན་ཟིན་ཡོད།
     རྒྱབ་ཤ་དཀར་པོའི་དེབ་ནང་ད་དུང་འཁོད་དོན། 1959ལོ་ནས་1960ལོའི་བར་གྱི་དམངས་གཙོའི་བཅོས་སྒྱུར་གྱི་བསྡོམས་རྩིས་ལ་གཞིགས་ན། བོད་དུ་སྐྱེད་ལྕིའི་བུ་ལོན་འབྲུ་རིགས་སོན་ཁལ་ཁྲི་1690(བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་རྩིས་གཞི། སོན་ཁལ་1ལ་ཧ་ལམ་སྤྱི་རྒྱ་14བརྩི་བ)དང་བོད་དངུལ་རྡོ་ཚད་ཁྲི་1400ལྷག་ཙམ(དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་རྩིས་གཞི། རྡོ་ཚད་1ལ་ཧ་ལམ་དངུལ་སྲང་50བརྩི་བ)མེད་པར་བཟོས། གལ་སྲིད་1958ལོའི་བོད་ཀྱི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབབ་བསྡོམས་ཁལ་ཁྲི་1250ཡིན་པ་དང་བསྡུར་ན། དམངས་གཙོའི་བཅོས་སྒྱུར་སྐབས་མེད་པར་བཟོས་པའི་སྐྱེད་ལྕིའི་བུ་ལོན་དེ་ལོ་གཅིག་གི་འབྲུ་རིགས་ཐོན་འབབ་བསྡོམས་གྲངས་ལས་བརྒལ་ཡོད།
     དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྲུང་དབྱང་སྲིད་གཞུང་གིས་བོད་དུ་དམིགས་བསལ་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ་དང་། 1980ལོར་རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་བ་དེ་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་ལས་ལོ་20ལྷག་གིས་སྔ་བ་ཡོད་པས། ཞིང་འབྲོག་པའི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སྤེལ་ཐུབ་ཡོད་ལ། བོད་ཀྱི་ཞིང་འབྲོག་པའི་དཔལ་འབྱོར་གནོན་ཤུགས་ཀྱང་ཞི་ལྷོད་དུ་བཏང་ཡོད།
     དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་ཕུད་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་ལས་དང་ཞིང་འབྲོག་པར་ཁ་གསབ་ཀྱི་སྲིད་ཇུས་སྣ་ཚོགས་ལག་ལེན་བསྟར་ནས་མི་སེར་གྱི་འཚོ་བ་ཇེ་ལེགས་སུ་བཏང་ཡོད།
     གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། མིག་སྔར་བོད་ཀྱི་ཞིང་འབྲོག་པར་འབྲུ་རིགས་ཀྱི་ཐད་ཀའི་ཁ་གསབ་དངུལ་ཕུད་ད་དུང་ཞིང་ནང་སྐྱེ་དངོས་ཀྱི་སོན་བཟང་འདེབས་གསོ་དང་ཁྱབ་གདལ་ཁ་གསབ་དང་། ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་གཏོང་གི་ཁ་གསབ། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའ། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ལས་གྲྭའི་ཁ་གསབ་སོགས་གཟིགས་སྐྱོང་སྲིད་ཇུས་རིགས་མང་པོ་ལོངས་སུ་སྤྱོད་རྒྱུ་ཡོད།
     གཞན་ཡང་། བོད་ཀྱི་ཞིང་འབྲོག་པས་ད་དུང་བུ་ཕྲུག་གི་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་དང་སྨན་ཡོན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སོགས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག བསྡོམས་རྩིས་བྱས་པར་གཞིགས་ན། 1980ལོ་ནས་2018ལོ་བར། ཀྲུང་དབྱང་གིས་བོད་ལ་ནོར་སྲིད་ཁ་གསབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་12377.3སྤྲད་པ་དེས་བོད་ཀྱི་ས་གནས་ནོར་སྲིད་ཀྱི་གཏོང་སྤྲོད་བསྡོམས་འབོར་གྱི་91%ཟིན་ཡོད།
     《རླབས་ཆེན་གྱི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་གྲངས་གཞི་ལས་མངོན་པར། 2018ལོར་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11450ཟིན་པ་དང་། མི་རེའི་ཆ་སྙོམས་ཚེ་ཚད་ཀྱང་1959ལོའི་གོང་གི་ལོ་35.5ནས་ད་ཆའི་ལོ་68.2བར་རིང་དུ་ཕྱིན་ཡོད།
     ལོ་དྲུག་ཅུའི་རིང་། སྐབས་དེ་དུས་བོད་ས་གནས་སྲིད་གཞུང་གིས་བསྡུ་བའི་ཁྲལ་རིགས་སྣ་ཚོགས་སྣ་ཁ་200ལྷག་ད་ཆ་ཐོན་སྐྱེད་འཚོ་བ་དང་སློབ་གསོ་སྨན་བཅོས་སོགས་ཁྱབ་ཁོངས་མང་པོ་དང་ཕྱོགས་མང་པོར་ཁྱབ་པའི་རིགས་ཁག་གི་ཁ་གསབ་ཀྱིས་ཚབ་བྱས་ཡོད། དམངས་ཕན་སྲིད་ཇུས་ཁག་གིས་བོད་ཀྱི་ཞིང་འབྲོག་པ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུར་རམ་འདེགས་བྱེད་བཞིན་ཡོད།