འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་2ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་
གིས་《2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྐབས་
སུ་བྱས་ཏེ་གངས་འཁྱག་ལུས་རྩལ་འཕེལ་རྒྱས་ཤུཌ་ཆེན་གཏོང་རྒྱུའི་
སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་02ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ་གངས་འཁྱག་ལུས་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
     《བསམ་འཆར》ནང་། 2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱི་ལོ་རྒྱུས་མཚམས་ཚིག་གལ་ཆེན་གྱི་མཚོན་བྱེད་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཤིག་རེད། དགུན་དུས་ཨོ་རྩལ་འགྲན་ཚོགས་གྲུབ་འབྲས་ལྡན་པ་ཞིག་གཉེར་རྒྱུ་དེ་གངས་འཁྱག་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུ་དང་ཁ་འབྲལ་ཐབས་མེད། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལེགས་པར་སྒྲུབ་པ་དང་། གངས་འཁྱག་ལུས་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ། སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱེད་པ། གྲ་སྒྲིག་གི་ལས་འགན་ཁ་གསལ་བཟོ་བ། གངས་འཁྱག་ལུས་རྩལ་ཁྱབ་གདལ་གཏོང་བ། གངས་འཁྱག་ཐོན་ལས་འཕེལ་རྒྱས་གཏོང་བ། ཆ་རྐྱེན་འགན་ལེན་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་རང་རྒྱལ་གྱི་གངས་འཁྱག་ལུས་རྩལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱེད་དགོས། 2022ལོར་སླེབས་སྐབས་རང་རྒྱལ་གྱི་གངས་འཁྱག་ལུས་རྩལ་གྱི་སྤྱི་ཡོངས་འཕེལ་རྒྱས་དེ་བས་དོ་སྙོམས་ཡོང་བ་བྱེད་པ་དང་། ཁྱབ་གདལ་གྱི་ཚད་གཞི་མཐོ་རུ་མངོན་གསལ་དོད་པོ་གཏོང་བ། དེའི་ནང་ཞུགས་མཁན་མང་དུ་ཤུགས་ཆེན་འགྲོ་བ། གངས་འཁྱག་ལུས་རྩལ་གྱི་ཤུགས་རྐྱེན་ནུས་པ་དེ་བས་རྒྱ་ཁྱབ་ཡོང་བ་བཅས་བྱེད་དགོས་པ་དང་། གངས་འཁྱག་ལུས་རྩལ་རྩལ་འགྲན་གྱི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་འགྲོ་བ་བྱས་ནས་2022ལོའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་རྣམ་གྲངས་ཚང་མའི་འགྲན་བསྡུར་ནང་ཞུགས་ཐུབ་པ་དང་། འཁྱག་ཐོག་རྣམ་གྲངས་སྐས་རིམ་གསར་པར་སླེབས་པ། གངས་ཐོག་རྣམ་གྲངས་ལ་ཚད་བརྒལ་ཡོང་བ་བཅས་བྱས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་རང་རྒྱལ་གྱི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་གཏོད་དགོས་པ། གངས་འཁྱག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བ་བྱེད་པ་དང་། ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་མངོན་གསལ་དོད་པོ་གཏོང་བ། གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཐོན་ལས་འཁོར་སྦྲེལ་ཉིན་བཞིན་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
     ད་དུང《བསམ་འཆར》ནང་། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མང་ཚོགས་རང་བཞིན་གྱི་གངས་འཁྱག་ལུས་རྩལ་ཁྱབ་གདལ་ཤུགས་ཆེན་གཏོང་བ། གཞོན་ནུ་ལོ་ཆུང་གི་གངས་འཁྱག་ལུས་རྩལ་བྱེད་སྒོ་རྒྱ་ཁྱབ་སྤེལ་བ། གངས་འཁྱག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། སྒྲིག་འཛུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ཀྱི་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད།