འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་2ཉིན།

༄༅།།མཚོ་སྔོན་གྱིས་2019ལོར་ཞིང་འབྲོག་པ་དུད་ཚང་ཁྲི་3གྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་
གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་02ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2019ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཚོ་ཚན་པར་བྱས་ནས་སྔོན་དུ་ཚོད་ལྟ་བྱས་ཏེ་དུད་ཚང་ཁྲི་3ལ་སྒྱུར་བཀོད་ཀྱིས་གྲོང་ཚོ་110ལྷག་ཙམ་གྱི་བཀོད་པ་ལེགས་སུ་གཏོང་རྒྱུ་དང་། 2020ལོ་ནས་བཟུང་ལོ་ལྟར་དུད་ཚང་ཁྲི་4སྒྱུར་བཀོད་བྱ་རྒྱུ། 2025ལོར་སླེབས་སྐབས་ཞིང་འབྲོག་པ་དུད་ཚང་ཁྲི་27གྱི་སྡོད་ཁང་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་བཅོས་བྱ་རྒྱུ་བཅས་ཧ་ལམ་གྲོང་ཚོ་1000ལྷག་ཙམ་གྱི་བཀོད་པར་འགྱུར་ལྡོག་མངོན་གསལ་འགྲོ་ངེས་རེད།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། གསར་འགོད་པས་ཉེ་ཆར་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་2019ལོའི་དམངས་འཚོའི་དོན་དངོས་འདུ་འགོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྔར་བས་ལག་བསྟར་དོན་འཁྱོལ་བྱ་ཆེད་ད་ལོར་མཚོ་སྔོན་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་4.5བཏང་ནས་ཞིང་འབྲོག་པ་དུད་ཚང་ཁྲི་3གྱི་སྡོད་ཁང་ལེགས་སུ་གཏོང་རྒྱུ་རེད།
     མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་པའེ་ཙུང་ཁོས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལེགས་གཏོང་འདུ་འགོད་ཀྱིས་ཞིང་འབྲོག་མང་ཚོགས་ཀྱིས་རང་མོས་དང་། རང་བརྟེན། རང་གྲབས་བཅས་ཀྱི་མ་འཇོག་གཙོ་བོར་བྱས་པའི་རྨང་གཞིའི་ཐོག་སྲིད་གཞུང་གིས་ཁྲིད་སྟོན་ཧུར་ཐག་དང་ཁ་གསབ་འོས་འཚམ་སྤྲོད་རྒྱུ་ཡིན་ཞིང་། གཙོ་བོར་ད་ཡོད་ཀྱི་ཞིང་འབྲོག་པའི་སྡོད་ཁང་གི་སྐོར་སྲུང་གྲུབ་ཆར་ནུས་བསྲི་དྲོད་སྲུང་གི་སྒྱུར་བཀོད་དང་། ཁྱིམ་སྤྱོད་གསང་སྤྱོད་ཀྱི་ཆུ་བཤལ་རྣམ་པའི་སྒྱུར་བཀོད། སྒོ་ར་སྔོ་འགྱུར་མཛེས་འགྱུར་སོགས་ནང་དོན་གཙོ་བོའི་རྣམ་གྲངས་བསྐྲུན་རྒྱུ་རེད།
     “འདུ་འགོད་དེ་ལག་བསྟར་བྱས་ན་ཞིང་འབྲོག་མང་ཚོགས་ཀྱི་དགུན་ཁའི་དྲོད་ལེན་མ་འཇོག་ཉུང་དུ་གཏོང་ཐུབ་ཁར། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ལ་སྐུལ་སྤེལ་གཏིང་ཟབ་གཏོང་ཐུབ་པ་མ་ཟད། ཞིང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་ཞིང་འབྲོག་པའི་སྤུས་ཚད་མཐོ་བའི་འཚོ་བ་གཏོད་ཐུབ”ཅེས་པའེ་ཙུང་ཁོས་བཤད། འཆར་གཞི་ལྟར་ན། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཚོ་ཚན་པར་བྱས་ནས་སྔོན་དུ་ཚོད་ལྟ་བྱས་ཏེ་དུད་ཚང་ཁྲི་3ལ་སྒྱུར་བཀོད་ཀྱིས་གྲོང་ཚོ་110ལྷག་གི་བཀོད་པ་ལེགས་སུ་གཏོང་རྒྱུ་དང་། 2020ལོ་ནས་བཟུང་ལོ་ལྟར་དུད་ཚང་ཁྲི་4སྒྱུར་བཀོད་བྱ་རྒྱུ། 2025ལོར་སླེབས་སྐབས་ཞིང་འབྲོག་པ་དུད་ཚང་ཁྲི་27གྱི་སྡོད་ཁང་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་བཅོས་བྱ་རྒྱུ་བཅས་ཧ་ལམ་གྲོང་ཚོ་1000ལྷག་ཙམ་གྱི་བཀོད་པར་འགྱུར་ལྡོག་མངོན་གསལ་འགྲོ་ངེས་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། དམངས་འཚོའི་དོན་དངོས་འདུ་འགོད་དེ་དམངས་འདོད་དང་སྔར་བས་ཉེ་བཅར་དང་མང་ཚོགས་ཀྱི་བསམ་འདུན་དང་མཐུན་པའི་འགན་ལེན་བྱ་ཆེད་དང་ས་ཁུལ་དང་སྡེ་ཚན་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱས་པའི་ཐོག་ན་ནིང་གི་ལོ་མཇུག་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དྲ་རྒྱའི་སྨྱན་སྦྱོར་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་ལ་ཡོངས་བསྒྲགས་ཡི་གེ་བཏང་སྟེ་2019ལོར་ལག་བསྟར་བྱ་རྩིས་ཡོད་པའི་དམངས་འཚོའི་དོན་དངོས་འདུ་འགོད་བསྡུ་རུབ་བྱས་པ་རེད།