འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་1ཉིན།

༄༅།།མཚོ་བོད་ས་མཐོའི་ཕྱུག་འགྱུར་ལས་གཏོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་01ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝེ་ཡུས་ཁུན་དང་ཝང་ཅིན་ཅིན།  
     ཟླ་གསུམ་པའི་གངས་ལྗོངས་ས་མཐོར་གྲང་རླུང་འུར་འུར་དུ་ལྡང་ནས་མི་རྣམས་གྲང་ངད་ཀྱིས་སྤུ་ལོང་བཞིན་ཡོད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་གི་ཇོ་རུ་ཚང་བོད་ཟས་ཁང་དུ་ཚེ་དབང་རིག་འཛིན་གྱིས་ལས་ཀའི་བར་གསེང་དུ་ལས་མི་དང་སང་ཉིན་འོད་སྦྱོར་བྱེད་དགོས་པའི་ཚལ་གྱི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད།
     “དྲི་ཞིམ་ཚགས་ཤ་བརྔོས་མ་དང་བྲོ་ཞིམ་ལུག་ཤ་ལྷེབ་བཀྲག་སོགས་ནི་ང་ཚོའི་ཟ་ཁང་གི་ཚལ་རྩེ་གྲ་ཡིན་པས་སྐུ་མགྲོན་གྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད” ལོ་10རིང་ཚེ་དབང་རིག་འཛིན་གྱིས་ཡུལ་གཞན་ནས་ཁ་ལག་བཟོ་རྩལ་ཡག་པོ་ཤེས། 2012ལོར། ལོ་29ལ་སླེབས་པའི་ཁོང་གིས་ཧྲེན་ཀྲེན་ནས་ཕ་ཡུལ་དུ་ལོག་སྟེ་གྲོགས་པོ་དང་མཉམ་དུ་བོད་ཟས་ཁང་འདི་གཉེར་བ་རེད།
    ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཐོག་མའི་ཕུགས་འདུན་སྐོར་གླེང་སྐབས། ཚེ་དབང་རིག་འཛིན་གྱིས་དགའ་སྤྲོ་དཔག་མེད་སྐྱེ་བཞིན“གཞན་ཡུལ་དུ་ལོ་མང་སྡོད་རིང་ཉམས་མྱོང་དང་གདེང་ཚོད་ཆེ་རུ་ཕྱིན་སོང་། ངས་ཕ་ཡུལ་དུ་ལོག་ནས་རང་ཉིད་ཀྱིས་བྱ་གཞག་གསར་གཏོད་བྱས་ཏེ་རང་གི་གྲུབ་འབྲས་ཕ་ཡུལ་གྱི་མི་རྣམས་ཀྱིས་ལོངས་སྤྱོད་ཐུབ་པའི་འདུན་པ་འཆང་བཞིན་ཡོད”ཅེས་བཤད།
     “ཚལ་སྣེ་གསར་པ་ཡང་ནས་ཡང་དུ་བཟོ་ཡི་ཡོད”ཅེས་ཚེ་དབང་རིག་འཛིན་གྱིས་རང་ཉིད་ཀྱི་ཚོང་གཉེར་ལམ་བུར་ཕྱོགས་བསྡོམས་དེ་འདྲ་བྱེད་ཅིང་། ཁོང་གིས་བོད་རིགས་ཀྱི་བཟའ་བཏུང་གྲུབ་ཆ་ཕུན་སུམ་ཚོགས་པོ་མེད་སྟབས། ང་ཚོས་བྲོ་བ་ཞིམ་པའི་ཚལ་སྣེ་གསར་པ་བཟོ་གང་ཐུབ་བྱས་ནས་སྐུ་མགྲོན་ཚོས་བོད་ཟས་ལ་དགའ་པོ་ཡོང་ཐབས་བྱེད་ཀྱི་ཡོད་ཅེས་བཤད། ཟ་ཁང་བཙུགས་པ་ནས་ད་བར་ཁོང་གིས་བོད་ཟས་སྣ་ཁ་བརྒྱ་ལྷག་ཙམ་བཏོན་ཡོད་པ་རེད།
     ལོ་བདུན་རིང་། ཚེ་དབང་རིག་འཛིན་གྱི་བོད་ཟས་ཁང་གིས་ས་གནས་དེ་གའི་མི་བརྒྱ་ལྷག་ཙམ་གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་རེད། ཁོང་གི་དགེ་ཕྲུག་20ལྷག་ཙམ་གྱིས་ཀན་སུའུ་དང་སི་ཁྲོན་སོགས་ཀྱི་ཟ་ཁང་དུ་བོད་ཟས་མཉམ་འདྲེས་བྱས་ནས་བོད་རིགས་ཀྱི་བཟའ་བཏུང་རིག་གནས་འཕེལ་རྒྱས་དང་གསར་གཏོད་ལ་སྐུལ་འདེད་གཏོང་བཞིན་ཡོད།
     “ལོ་འགའ་ཤས་སོང་རྗེས། ངས་དགེ་རྒན་ཞིག་བྱས་ནས་བློ་གཅིག་སེམས་གཅིག་གིས་ང་ཚོའི་བཟའ་བཏུང་རིག་གནས་མི་མང་པོར་བརྒྱུད་སྤྲོད་བྱེད་རྒྱུ་མ་ཟད། ཐག་རིང་གི་ས་ཆར་བརྒྱུད་སྤྲོད་བྱེད་ཀྱི་ཡིན”ཞེས་ཤོད་སྐབས་ཚེ་དབང་རིག་འཛིན་ལ་སྐད་འཕྲིན་ཞིག་འབྱོར། དགེ་ཕྲུག་ཅིག་གིས་བོད་ཟས་སློབ་སྦྱོང་གི་ཚོགས་པའི་ནང་དུ་ཁོང་ལ་བཀའ་སློབ་ཞུ་ཡི་འདུག ཚེ་དབང་རིག་འཛིན་ལ་དེ་འདྲ་བའི་སྐད་འཕྲིན་ཚོགས་པ་བཅུ་ལྷག་ཙམ་ཡོད་པ་དང་ཚོགས་པའི་ནང་ཚོགས་མི་ཆིག་སྟོང་ལྷག་ཙམ་ཡོད།
     ད་ཆ་མཚོ་བོད་ས་མཐོར་གཞོན་ནུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཚ་རླབས་འཕྱུར་བཞིན་ཡོད། ཚེ་དབང་རིག་འཛིན་དང་འདྲ་བའི་ན་གཞོན་མང་པོས་རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་ཆབས་ཅིག་ཕ་ཡུལ་གྱི་འཕེལ་རྒྱས་ལ་རེ་བ་གསར་པའང་གཏོད་བཞིན་ཡོད།
     “མི་ཞིག་གི་མི་ཚེར་ལང་ཚོའི་དུས་ནི་ཧ་ཅང་ཐུང་བས། དམ་འཛིན་ཡག་པོ་ཐུབ་ཚེ་མདུན་ལམ་ཡག་པོ་ཡོང་སྲིད”བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བཞིན་པའི་ནོར་བུ་དགྲ་འདུལ་གྱི་ངོས་ནས་བརྗོད་ན། ལས་གཏོད་བྱས་ཚེ་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་རྣམས་མི་མང་པོས་ལོངས་སྤྱོད་བྱེད་པར་ཕན་པ་ཡོད།
    འདི་ལོའི་ལོ་འགོར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ་བའི་གླེང་སྟེགས་ཤིག་ལ་ནོར་བུ་དགྲ་འདུལ་གྱིས་རང་ཉིད་ཀྱི་ལས་གཏོད་མྱོང་བ་མཉམ་སྤྱོད་བྱས་པ་རེད། བོད་རིགས་ས་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་སྐོར་གླེང་སྐབས་ཁོང་ལ་མང་པོ་ཤོད་རྒྱུ་ཡོད། འོན་ཀྱང་ལོ་ཤས་གོང་ཁོང་གིས་སྔར་བཞིན་ལས་ཀ་རྩ་དགོངས་ཞུས་ནས་ལས་གཏོད་བྱེད་མིན་ཐད་མནོ་བསམ་གཏོང་བཞིན་ཡོད།
    སློབ་ཆེན་ཐོན་རྗེས་ནོར་བུ་དགྲ་འདུལ་གྱིས་པེ་ཅིང་གི་ཕྱི་སྐད་གསོ་སྦྱོང་སྒྲིག་གཞི་ཞིག་ཏུ་ལས་ཀ་བྱས་ཀྱང་ལས་གཏོད་ཀྱི་བསམ་བློ་གཏོང་མཚམས་འཇོག་མྱོང་མེད། 2013ལོར། ལས་ཀ་ལོ་གཉིས་བྱས་རྗེས་ཁོང་ལྷ་སར་ལོག་ནས་སྒྲོན་མེ་སློབ་གསོ་བཙུགས་པ་རེད།
     “ལས་ཀ་རྩ་དགོངས་ཞུ་བའི་ཉིན་དེར་ཨ་མ་ལགས་ཀྱིས་ཐུགས་ཁྲལ་ཆེན་པོ་གནང་གི་འདུག” ནོར་བུ་དགྲ་འདུལ་གྱིས་ལས་གཏོད་བྱེད་པ་ནི་མི་ཚེའི་གདམ་ག་གསར་པ་ཞིག་ཡིན་པས་ཕ་མས་སེམས་ཁྲལ་གནང་བ་ངས་ཤེས་ཀྱི་འདུག འོན་ཀྱང་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ངས་ཕྱིར་བཤོལ་གཏན་ནས་བྱས་མེད་ཅེས་བཤད།
    ནོར་བུ་དགྲ་འདུལ་གྱིས“བོད་དུ་ང་ཚོས་ཤེས་བྱ་གསར་པ་དང་ལེན་བྱེད་པར་རེ་སྒུག་ཆེན་པོ་བྱེད་པ་དང་། མི་མང་པོ་ཞིག་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད། སློབ་གསོའི་ལས་རིགས་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། ད་ལྟའི་གཞོན་ནུའི་ལས་གཏོད་ཀྱི་ཁོར་ཡུག་ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།
    “རང་ཉིད་ཀྱི་འཇོན་ཐང་ཆེ་རུ་བཏང་ཚེ་གཞི་ནས་མི་མང་པོའི་ཕུགས་འདུན་མངོན་འགྱུར་ལ་རོགས་རམ་བྱེད་ཐུབ” ནོར་བུ་དགྲ་འདུལ་གྱིས་ད་ལྟ་ཀུང་སིའི་ལོ་རེའི་ཁེ་གཙང་ཡོང་འབབ་སྒོར་ཁྲི་1000ཙམ་ཟིན་པ་དང་། དེའི་ནང་ནས་10%ལས་བཟོའི་གསོ་སྦྱོང་ལ་སྤྱོད་ཀྱི་ཡོད་ཅེས་བཤད།
     བཅར་འདྲི་དང་ལེན་བྱེད་མཁན་གྱི་ལས་གཏོད་པ་མང་པོས་མཚོ་བོད་ས་མཐོར་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་ལས་གཏོད་ཀྱི་མ་དངུལ་ནི་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། མཚོ་སྔོན་ཞིང་ཆེན་དཔེར་དྲངས་ན། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་ལྟར་ན་ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་སྒོར་དུང་ཕྱུར་4སྤྲད་ནས་མི་1712ཀྱིས་ལས་གཏོད་ལ་ཐད་ཀར་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད།
     “འབད་འཐབ་ནི་མི་ཚེའི་འཕྲང་ལམ་དུ་མེད་ཐབས་མེད། ཕུགས་འདུན་གཏོད་པའི་ལམ་དང་མི་ཚེའི་རིན་ཐང་དོན་གཉེར་བྱེད་སྐབས། ང་ཚོས་ཀྱང་བློ་སྟོབས་ཆེན་པོས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་སྔར་བས་མཛེས་སྡུག་ལྡན་ལ་བདེ་སྐྱིད་ལྡན་པའི་ཕ་ཡུལ་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས”ཞེས་ནོར་བུ་དགྲ་འདུལ་གྱིས་བཤད།