འཚོལ་བཤེར།   
藏文频道
2019ལོའི་ཟླ་4ཚེས་1ཉིན།

༄༅།།ཟླ་4ཚེས་1ཉིན་ནས་བཟུང་ནང་སའི་གྲོང་མིས་རྒྱལ་ཡོངས་ཀྱི་ས་ཆ་གང་རུང་ནས་མཐའ་མཚམས་
འགྲོ་འོང་ལག་ཁྱེར་གཉེར་ཆོག་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་01ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2019ལོའི་ཟླ་4ཚེས་1ཉིན་ནས་བཟུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱིར་བཏང་ལམ་ཡིག་དང་། ཤང་ཀང་དང་ཨའོ་མོན་དུ་འགྲོ་འོང་བྱེད་པའི་ཐོངས་མཆན། ཐའེ་དབན་དུ་འགྲོ་འོང་བྱེད་པའི་ཐོངས་མཆན་སོགས་མཐའ་མཚམས་འགྲོ་འོང་ལག་ཁྱེར་རྒྱལ་ཡོངས་ཀྱི་ས་ཆ་གང་རུང་ནས་གཉེར་ཆོག་པ་སྟེ། ནང་སའི་གྲོང་མིས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གང་རུང་གི་སྐར་ཁུང་ནས་གོང་གསལ་གྱི་རྒྱལ་མཚམས་འཛུལ་གྲོལ་ལག་ཁྱེར་གཉེར་ཆོག་ཅིང་། རེ་ཞུ་བྱ་རྒྱུའི་འགྲོ་ལུགས་དང་ཐེམ་ཁུངས་ས་ཆ་གཅིག་པ་ཡིན་དགོས།
     རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར། རྒྱལ་ཡོངས་ཀྱི་ས་ཆ་གང་རུང་ནས་མཐའ་མཚམས་འགྲོ་འོང་ལག་ཁྱེར་གཉེར་ཆོག་རྗེས། “ཚང་མ་སྒྲུབ་ཐུབ་པ”གསུམ་མངོན་འགྱུར་ཐུབ་ཅིང་། རྒྱལ་ཡོངས་ཀྱི་ས་ཆ་གང་རུང་དུ་གཉེར་ཆོག་པ་སྟེ། ནང་སའི་གྲོང་མིས་རྒྱལ་ཡོངས་ཀྱི་མཐའ་མཚམས་འགྲོ་འོང་དོ་དམ་ཅུས་གང་རུང་གི་སྐར་ཁུང་ནས་མཐའ་མཚམས་འགྲོ་འོང་ལག་ཁྱེར་གཉེར་ཆོག་པས་གནས་སྡོད་ལག་ཁྱེར་དང་། ལས་ཞུགས། སློབ་ཞུགས། གཉེན་ཉེའི་འབྲེལ་བའི་དཔང་ཡིག་སོགས་ཀྱི་དཔྱད་གཞི་མི་དགོས་པར་རེ་ཞུའི་དཔྱད་གཞི་དང་ཐེམ་ཁུངས་ས་ཆ་གཅིག་པ་ཡིན་ན་འགྲིག ནང་སའི་གྲོང་མི་ཚང་མས་གཉེར་ཆོག་པ་སྟེ། ཐེམ་ཁུངས་ས་ཆ་དང་གནས་སྡོད་ས་ཆ་སོགས་ཆ་རྐྱེན་གྱི་ཚོད་འཛིན་མེད་པར། ནང་སའི་གྲོང་མི་ཚང་མས་ས་ཆ་གཞན་དུ་མཐའ་མཚམས་འགྲོ་འོང་ལག་ཁྱེར་གཉེར་ཆོག རྒྱལ་གྲོལ་ལག་ཁྱེར་ཚང་མ་གཉེར་ཆོག་པ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱིར་བཏང་ལམ་ཡིག་དང་། ཤང་ཀང་དང་ཨའོ་མོན་དུ་འགྲོ་འོང་བྱེད་པའི་ཐོངས་མཆན། ཐའེ་དབན་དུ་འགྲོ་འོང་བྱེད་པའི་ཐོངས་མཆན་སོགས་ཚང་མ་ས་ཆ་གཞན་ནས་གཉེར་ཆོག་པ་རེད།
     གསར་འགོད་པས་ད་དུང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཟླ་4ཚེས་1ཉིན་དུས་གཅིག་ཏུ་འདོན་རྒྱུ་ཡིན་ཞིང་། ལས་སྟེགས་དེས་ཞབས་ཞུའི་དྲ་ཚིགས་དང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་APP ཕྱོགས་གསུམ་པའི་ལས་སྟེགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ལག་ཁྱེར་སྔོན་མངགས་རེ་ཞུ་དང་། ཤང་ཀང་དང་ཨའོ་མོན། ཐའེ་དབན་བཅས་སུ་འགྲོ་འོང་བྱེད་པའི་ཡུལ་སྐོར་དཔྱད་མཆན་འགོད་པ། ལག་ཁྱེར་གཉེར་བའི་ལས་ཆོད་འདྲི་རྩད། ལག་ཁྱེར་གྱི་ཆ་འཕྲིན་འདྲི་རྩད། མཐའ་མཚམས་འགྲོ་འོང་གི་ཟིན་ཐོ་འདྲི་རྩད། ལས་སྒྲུབ་ཁྲིད་སྟོན་ཐད་ཀྱི་འདྲི་རྩད་སོགས་ཀྱི་ནུས་པ་ལྡན་པ་དང་། མང་ཚོགས་ལ་ཆུ་ཚོད་24ཡི་དྲ་ཐོག་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པས་གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་གང་སར་རྒྱུག་མི་དགོས་པ་རེད།