འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་29ཉིན།

༄༅།།བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་
ཆེན་ལྷ་སར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་29ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་
ཆེན་ལྷ་སར་འཚོགས་པ།
     ཚེས་28ཉིན་གྱི་སྔ་དྲོ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། མི་རིགས་ཁག་དང་ལས་རིག་ཁག་གི་འཐུས་མི་ཆིག་ཁྲི་ཙམ་གྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འདུ་འཛོམས་གཟབ་རྒྱས་བྱས་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་རེད།
     ཚེས་28ཉིན་གྱི་སྔ་དྲོ། ལྷ་སར་ནམ་མཁའ་གཡའ་དག་ལ་ཉི་འོད་རབ་ཏུ་འཕྲོ་ཞིང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཚོགས་ཆེན་ལ་ཞུགས་མཁན་མང་ཚོགས་ཚོས་རྒྱལ་དར་དང་། ཁ་བཏགས། མེ་ཏོག་སོས་པ་བཅས་གཡུག་གཡུག་བྱས་པ་དང་བསྟུན་ནས་ཐང་ཆེན་ཧྲིལ་པོར་དགའ་སྟོན་གྱི་རྣམ་པས་ཁེངས། མི་རྣམས་ཐང་ཆེན་དུ་སླེབས་མ་ཐག་དུས་ཆེན་གྱི་དགའ་སྤྲོའི་རྣམ་པ་མྱོང་རོལ་ཐུབ།
     བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུའི་ཐོག་གསུངས་དོན། ཁོང་གིས་དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་ནས་ཐོན་སྐྱེད་རྒྱུ་ཆ་བཀས་བཀོད་རྒྱུད་འཛིན་མངའ་བདག་ལ་དབང་བའི་ལམ་ལུགས་རྦད་དེ་མེད་པར་བཟོས་པ་དང་། བཀས་བཀོད་རྒྱུད་འཛིན་གྱི་བསམ་པའི་རིག་གནས་ཀྱི་ལྕགས་སྒྲོག་རྦད་དེ་གཏོར་བ། བཀས་བཀོད་རྒྱུད་འཛིན་གྱི་ཆབ་སྲིད་གཉའ་གནོན་གྱི་འཆིང་རྒྱ་རྦད་དེ་གཏོར་ཡོད། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཁྱབ་དང་། ཆེས་གཏིང་ཟབ། ཆེས་རླབས་ཆེན་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་ཡིན་པ་དང་བོད་ཀྱི་ལོ་རྒྱུས་ཀྱི་སྲིད་ལོ་གསར་པ་བཏོད་ཡོད་ཅེས་གསུངས་པ་རེད།
     དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་ཚུན། དེང་རབས་ཚན་རྩལ་བོད་དུ་རྩ་བ་ཚུགས་པས། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད།      བོད་ཀྱི་འབྲོག་ལས་ཁྱབ་ཁོངས་ཀྱི་འབུམ་རམས་པ་ཨང་དང་པོ་ཞིང་འབྲོག་ཚན་རིག་ཁང་ཕྱུགས་རིགས་སྨན་པའི་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ཅི་ཆིའུ་མའེ་ཡིས་འབྲི་གཡག་རྒྱུད་སྤེལ་དང་རྒྱུད་པ་འདེམས་གསོ་དང་དེ་བཞིན་བདེ་ཐང་གསོ་ཚགས་ལག་རྩལ་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད་ལ་དེང་རབས་ཚན་རྩལ་གྱིས་ས་མཐོའི་ཕྱུགས་རིགས་ཐོན་ལས་ལ་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་འདོན་སྤེལ་བྱས་པ་ཁོང་ངོ་མས་དཔང་པོ་བྱས་ཡོད།
     “དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཡི་གེ་ཤེས་མཁན་མང་པོ་མེད་ལ་དེང་རབས་ཚན་རྩལ་འཕེལ་རྒྱས་ཟེར་བ་དེ་བས་གླེང་ཐབས་བྲལ་བ་རེད། ཕྱུགས་གསོའི་ཐད་ངག་རྒྱུན་གྱི་སྲོལ་རྒྱུན་ཉམས་མྱོང་ལ་བརྟེན་པ་དང་སྤྱིར་ན་ལོ་གསུམ་དང་ལྔའི་ནང་རིམས་ནད་ཆེན་པོ་ཐེངས་རེ་ཐོན་གྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱལ་ཁབ་ཀྱིས་མ་དངུལ་གཏོང་ཚད་རྒྱུན་ཆད་མེད་པར་མང་དུ་བཏང་བར་བརྟེན་བོད་ཀྱི་འབྲོག་ལས་ལག་རྩལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་འབྲོག་ལས་ཐོན་ལས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད”ཅེས་ཅི་ཆིའུ་མའེ་ཡིས་བཤད།
     “བོད་རྙིང་པར་ཉམས་ཐག་མི་དམངས་བསྐྱོད་སའི་སློབ་གྲྭ་གཅིག་ཀྱང་མེད། ད་ཆ་བོད་ཀྱིས་ལོ་བཅོ་ལྔའི་འོས་འགན་སློབ་གསོའི‘འགན་ལེན་གསུམ’གྱི་སྲིད་ཇུས་ལག་བསྟར་བྱས་ཡོད། སློབ་མས་ལག་གཉིས་གཡུག་ནས་སློབ་གྲྭར་བསྐྱོད་ཆོག་པ་དང་ཟས་གོས་སྡོད་གསུམ་སྲིད་གཞུང་གིས་འགན་ལེན་བྱེད་ཀྱི་ཡོད། ན་ལོན་བྱིས་པ་ནད་གཞི་དང་དབུལ་ཕོངས་རྐྱེན་གྱིས་སློབ་མཚམས་ཆད་པ་གཅིག་ཀྱང་མེད། དེ་དག་ནི་བོད་རྙིང་པར་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་ཉི་མ་པ་སངས་ཀྱིས་བཤད།
     ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་སྟོད་ཤང་འབྲོམ་སྟོད་གྲོང་ཚོའི་མང་ཚོགས་ཐུབ་བསྟན་ཚེ་འཕེལ་གྱིས“དེ་རིང་ནི་ང་ཚོ་ཡར་ལངས་ཞིང་བྲན་ཚོས་རྟེན་འབྲེལ་ཞུ་འོས་པའི་ཉིན་མོ་ཡིན་པས་ང་རང་སེམས་ཧ་ཅང་སྐྱིད་པོ་འདུག རང་ཉིད་ཞིང་བྲན་གྱི་ཁྱིམ་ཞིག་ཏུ་སྐྱེས་པ་དང་སྐྱེས་མ་ཐག་ཞིང་བྲན་ཡིན། ཆུང་དུས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོས་ཀྱི་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ང་ལའང་ཞིང་བྲན་གཞན་དང་འདྲ་བར་ས་ཞིང་དང་སྒོ་ཕྱུགས་རག་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ངེས་ཡིན”ཞེས་བཤད།
     1959ལོའི་ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་བཏང་སྟེ་བོད་ཀྱི་མི་དམངས་ལ་ལོ་བརྒྱ་ཕྲག་ལྷག་རིང་གཉའ་གནོན་གཏོང་མཁན་བོད་ས་གནས་སྲིད་གཞུང་དང་དེའི་དམག་དཔུང་དང་། ཁྲིམས་ར། བཙོན་ཁང་བཅས་མེད་པར་བཟོས་པ་དང་། བོད་རྙིང་པའི་ཞལ་ལྕེ་དང་དེ་བཞིན་གདུག་རྩུབ་ཀྱི་ཁྲིམས་གཅོད་མེད་པར་བཟོས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་ཁྱབ་བསྒྲགས་བྱས་ནས་བོད་ཀྱི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་འགོ་ཚུགས་ཡོད།