འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་22ཉིན།

༄༅།།བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་གི་འགྱུར་བ་དང་འགྱུར་མེད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་22ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ● 2018ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797དང་སྒོར་11450བར་སོ་སོར་ཟིན་པ་དེ་1965ལོའི་ལྡབ་73དང་ལྡབ་105ཡིན་པ།
     ● ད་ཆ་བོད་ལ་རྒྱལ་ཡོངས་ཀྱི་སྔོན་དུ་ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་ནས་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་བསྟུད་མར་ཐེངས་18སྤར་ཏེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་3720ཟིན་པ།
     ● 2016ལོར་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་འགོ་བཙུགས་ཚུན་བོད་ཀྱི་ཤིན་ཏུ་དབུལ་པོའི་རྫོང་25དབུལ་ཞྭ་ཕུད་པའི་ཆ་རྐྱེན་ཚང་བ་དང་མི་ཁྲི་18.1དབུལ་སྒྲོལ་ཐུབ་ཡོད། 
    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60ཡི་རིང་གི་འགྱུར་བ་དང་འགྱུར་མེད།
     མི་ལུས་ཐོབ་ཐང་ལ་འགྱུར་བ་ཆེན་པོ་བྱུང་བ། ཞིང་བྲན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་མཁན་བར།
     བགྲང་བྱ་60ཡི་རིང་། གངས་ལྗོངས་ས་མཐོར་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་བརྗིད་ཆགས་ཉམས་ལྡན་གྱི་རོལ་དབྱངས་དཀྲོལ་བ་དང་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། “འགྱུར་བ”དང“འགྱུར་མེད”ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ངོ་མཚར་བཏོད་པ་དང་མཛེས་སྡུག་མངོན་ཡོད།
     ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་ལྗོན་ཤིང་གི་མཆེ་བ་འབུས་པ་དང་དཔྱིད་ཉམས་རིམ་བཞིན་མངོན།
     ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ལོ་75ལ་སླེབས་པའི་རྒད་པོ་དོན་གྲུབ་ཀྱིས་ཇ་འཐུང་ཞོར་དུ་བརྙན་འཕྲིན་ལྟ་བཞིན་དྲོ་སྐྱིད་ལྡན་པའི་ཉི་འོད་ལོངས་སུ་སྤྱོད་པ་དང་། ལོ་60ཡི་གོང་གི་འདས་དོན་དྲན་གསོ་བྱེད་སྐབས་ཁོང་གིས“སྐབས་དེ་དུས་ང་དང་ཨ་མ་ཕྱུགས་ཚང་ནང་དུ་སྡོད་དགོས་ཀྱི་ཡོད་པ་དང་ལས་ཀ་བྱེད་པ་ཕུད། ད་དུང་རྟག་ཏུ་ཉེས་རྡུང་ཕོག་གི་ཡོད། སྐབས་དེ་དུས་ཀྱི་འཚོ་བ་ནི་ངའི་ཚེ་གང་པོར་དཀའ་སྡུག་ཆེ་ཤོས་ཤིག་ཡིན”ཞེས་བརྗོད།
     1959ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བས་ཞིང་བྲན་ཁྲི་ཚོ་བརྒྱར་དུས་དེ་ནས་བཟུང་རང་ཁྱིམ་རང་བདག་གི་དབང་ཆ་ཐོབ་ཡོད།
     “སྐུ་དྲག་ལ་མུན་རུབ་པ་དང་ང་ཚོར་ནམ་ལངས་ཡོད”ཅེས་ལྷུན་གྲུབ་རྫོང་གི་རྒད་མོ་གཡུ་སྒྲོན་གྱིས་མྱོང་ཚོར་ཟབ་མོས་བརྗོད།
     ཞིང་བྲན་གྱི་རྗེས་རབས་པ་ཡིན་པའི་ཀྲུང་གོ་བཟོ་སྐྲུན་ཁང་གི་བོད་རིགས་ཡོན་ཧྲི་དང་པོ་རྡོ་རྗེས་སྲིད་གཞུང་གི་རོགས་སྐྱོར་ཐོབ་པར་བརྟེན་ང་ཚོ་གཞི་ནས་རི་ཁུག་ནས་ཐོན་ཏེ་ཐག་རིང་ཕྱི་རྒྱལ་དུ་ཟབ་སྦྱོང་བྱེད་པར་བསྐྱོད་རྒྱུ་བྱུང་ཁར། རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ས་འོག་ཚ་ནུས་ཀྱི་རིགས་གཅིག་མཁས་ཅན་དུ་གྱུར་བྱུང་ཞེས་བརྗོད།
     བོད་རྙིང་པར་བུད་མེད་ནི་མིའི་ཐ་གྲས་སུ་བརྩི་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60སོང་རིང་། བོད་ཀྱི་བུད་མེད་ཀྱི་གནས་བབ་དེ“མི་སྟོང་ལ་དྲེས་ཐག་གཅིག”ཅེས་པ་ནས“གནམ་ཕྱེད་ཀ་འདེགས་ཐུབ་པའི”བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ཁེ་ལས་མཁས་ཅན། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མཚོན་བྱེད་རང་བཞིན་གྱི་མི་སྣའི་ཁྲོད་བོད་ཀྱི་བུད་མེད་ཀྱི་བསྡུར་ཚད་ཟམ་མི་ཆད་པར་འཕར་བ་དང་བུད་མེད་ཁ་ཤས་ད་དུང་འགོ་ཁྲིད་ཀྱི་ལས་གནས་ཐོག་བསྐྱོད་ནས་བོད་གསར་པའི་ཁྱབ་ཁོངས་ཁག་ཏུ་སྤོབས་སེམས་སྐྱེ་འོས་པའི་བྱས་རྗེས་བཏོད་ཡོད།
     འཚོ་བར་འགྱུར་བ་ཆེན་པོ་བྱུང་བ། འཚོ་རྟེན་གང་ཡང་མེད་པ་ནས་འབྱོར་འབྲིང་གི་འཚོ་བ་སྐྱེལ་བའི་བར།
     “ང་རང་ལོ་5ནས་ཞིང་བྲན་བདག་པོའི་ཁྱིམ་དུ་ལུག་རྫི་བྱས་པ་དང་ཉིན་ལྟར་རྩམ་པ་ཁྱེམ་བུ་གང་ལས་ཟ་རྒྱུ་མེད་སྟབས། གྲོད་པ་གཏན་ནས་རྒྱགས་ཀྱི་མེད”རྒད་པོ་དོན་གྲུབ་ནོར་བུ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁ་རག་ཤང་གི་ཞིང་བྲན་ཞིག་གི་ཁྱིམ་དུ་སྐྱེས་པ་དང་བོད་རྙིང་པའི་མུན་ནག་དང་གདུག་རྩུབ་དེ་དག་ད་ལྟའང་ཡིད་ལ་ཝ་ལེར་འཆར་བཞིན་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་དོན་གྲུབ་ནོར་བུའི་ཁྱིམ་ལ་རེ་བ་གསར་པ་བྱུང་ཞིང་། ཁོང་གི་ཕྲུ་གུ་གཉིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་བའི་ཁར། རང་ཉིད་ལ་སྨན་བཅོས་འགན་བཅོལ་དང་རྒན་ཡོལ་ཞུས་པའི་དངུལ་ཡོད་སྟབས་ནང་མི་ཚང་མ་འཚོ་བ་གྲ་རྒྱས་པོ་ཞིག་སྐྱེལ་བཞིན་ཡོད།
     དམངས་གཙོའི་བཅོས་སྒྱུར་བྱས་པ་དང་སྦྲགས། བོད་ཀྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་སྔ་ན་མེད་པའི་སྤྲོ་སེམས་འཕེལ་ཡོད། ལྷག་པར་དུ་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྔ་རྗེས་སུ་ཐེངས་དྲུག་འཚོགས་ནས་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 1959ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ལས་ཟིན་གྱི་མེད་པ་དང་2018ལོར་སླེབས་སྐབས་སྒོར་དུང་ཕྱུར་1477.6བར་འཕར་ནས་ལྡབ་191འཕར་ཡོད་པ་རེད།
     དཔལ་འབྱོར་མགྱོགས་མྱུར་འཕར་བ་དང་དུས་མཚུངས་ཏང་གི་དམངས་ཕྱུག་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་ཡོད། 2018ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797དང་སྒོར་11450བར་སོ་སོར་ཟིན་པ་དེ་1965ལོའི་ལྡབ་73དང་ལྡབ་105ཡིན་པ་རེད།
     ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིམ་ཁག་ཏང་ཨུད་ཀྱིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མ་དངུལ་དང་རྣམ་གྲངས་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་གཟིགས་སྐྱོང་བྱས་པ་དང་། ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་ལེན་སོགས་ཀྱི་དམངས་འཚོའི་འདུ་འགོད་ལ་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དུས་རྟག་ཏུ་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱས་ཡོད། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་དང་། འགན་ལེན་ལྔའི་ནང་ཞུགས་འདོད་ཡོད་མཁན་གཅིག་སྡུད་བསྙེན་བཀུར་བྱེད་ཚད་དང་དྭ་ཕྲུག་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་100%ཟིན་ཡོད་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་ཚེ་དུས་ཐོག་ཏུ་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བྱ་རྒྱུ་མངོན་འགྱུར་རགས་ཙམ་བྱུང་བ་རེད།
     སློབ་གསོ་འཕེལ་རྒྱས་བཏང་བ་དེས་ཀྱང་བོད་ཀྱི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་ཅིང་། དཔྱད་གཞིའི་ནང་བོད་རྙིང་པར་སློབ་ལོ་ལོན་པའི་བྱིས་པ་སློབ་ཞུགས་བྱེད་ཚད་བརྒྱ་ཆ་གཉིས་ཡང་ཟིན་གྱི་མེད་པ་དང་། ཡིག་རྨོངས་ཡིན་ཚད་95%ཟིན་ཡོད། ད་ཆ་བོད་ལ་རྒྱལ་ཡོངས་ཀྱི་སྔོན་དུ་ལོ་15ཡི་རིང་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་ནས་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་བསྟུད་མར་ཐེངས་18སྤར་ཏེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་3720ཟིན་ཡོད་པ་རེད།
     འགྱུར་བ་དེ་ཙམ་གྱིས་མི་ཚད་པར་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། གྲོང་ཁྱེར་མཛེས་སྡུག་ལྡན་པ་དང་། གྲོང་གསེབ་གཙང་སྦྲ་དོད་པ། འགྲོ་སྐྱོད་དེ་བས་སྟབས་བདེ་བ། ལས་ཞུགས་གོ་སྐབས་དེ་བས་མང་བ། འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་སོགས་རེད།
    2016ལོར་གནས་སྨིན་དབུལ་སྐྱོར་ལས་དོན་སྤེལ་འགོ་བཙུཌ་ཚུན། བོད་ཀྱི་ཤིན་ཏུ་དབུལ་པོའི་རྫོང་25དབུལ་ཞྭ་ཕུད་པའི་ཆ་རྐྱེན་ཚང་བ་དང་མི་ཁྲི་18.1དབུལ་སྒྲོལ་ཐུབ་ཡོད། འདི་ལོ་བོད་ཀྱིས་དེ་བྱིངས་ཀྱི་མི་འབོར་དབུལ་པོ་ཁྲི་15ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་19ཚང་མ་དབུལ་ཞྭ་ཕུད་ཐུབ་པར་བྱས་ཐོག་ལྗོངས་ཡོངས་སུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མི་ལྷག་པའི་འགན་ལེན་བྱ་རྒྱུ་རེད།
     སྲོལ་རྒྱུན་ལ་འགྱུར་བ་མེད་པ། སྣོད་བཅུད་ཁོར་ཡུག་དང་སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོང་ནུས་ལྡན་ཐུབ་པ།
     “འཛམ་གླིང་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”ཞེས་འབོད་པའི་བོད་ཀྱི་སྣོད་བཅུད་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་ཡོད་ཅིང་། ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆེད་མངགས་མ་དངུལ་སྒོར་དུང་ཕྱུར་155བཏང་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་སྲུང་སྐྱོང་བྱས་ཏེ་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་རླུང་གསུམ་སྲུང་སྐྱོང་བྱས་ཡོད།
     བོད་རང་སྐྱོང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སྣོད་བཅུད་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད། ད་ཆ་ཞིང་འབྲོག་པ་མང་པོ་ཞིག་ཞིག་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་པ་དང་། ནགས་ཚལ་སྲུང་སྐྱོང་པ། འདམ་ར་སྲུང་སྐྱོང་པ་བཅས་བྱས་ནས་གངས་ལྗོངས་ས་མཐོའི“སྣོད་བཅུད་སྲུང་དམག”ལ་གྱུར་ཡོད། 2018ལོར་བོད་ཀྱི་སྣོད་བཅུད་ལས་གནས་ཁྲི་66.7བར་མང་དུ་བཏང་ནས་ལོར་མི་རེར་ཆ་སྙོམས་ཁ་གསབ་སྒོར་3500བར་སྤར་ཡོད།
     ཀྲུང་གོ་ཚན་རིག་ཁང་དང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་གྱི་ཚོད་སྐོར་ནང་བོད་ཀྱི་རིགས་ཁག་གི་སྣོད་བཅུད་མ་ལག་གི་གྲུབ་ཆ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ་དང་། ཆུ་དང་། རླུང་ཁམས། ས་རྒྱུ་བཅས་དང་དེ་བཞིན་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ཚང་མ་ཡག་པོ་ཡོད་པ་དང་། ས་ཁོངས་ཕལ་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་ནས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་ལུགས་འཁོད་ཡོད་པ་རེད།
    ལོ་མང་རིང་རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་སྲུང་སྐྱོང་ཉམས་གསོའི་ཐད་མུ་མཐུད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ཆོས་དད་རང་མོས་ལ་ཁྲིམས་ལྟར་འགན་ལེན་བྱས་པས་སྲོལ་རྒྱུན་གྱི་རིག་གནས་ལ་གསོན་ཤུགས་གསར་པ་འཕེལ་ཡོད། ད་ཆ་བོད་སྨན་དང་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། དགོན་སྡེ་སོགས་གནའ་བོའི་རིག་དངོས་སྐྲུན་དངོས་ཉམས་གསོ་བྱས་པ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་ཐོབ་པ་བཅས་རེད།
     སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་ཆེད་བསྐོས་ཞིབ་འཇུག་པ་དབྱང་མིང་ཧུང་གིས“དུས་རབས་ལ་འགྱུར་ལྡོག་ཇི་ཙམ་བྱུང་རུང་། བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་བོད་ཀྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་ད་བར་འགྱུར་ལྡོག་བྱུང་མེད”ཅེས་བརྗོད།
     བགྲང་བྱ་60ཡི་རིང“འགྱུར་བ་དང་འགྱུར་མེད”ཀྱི་དུས་ཀྱི་འཁོར་ལོ་གཉིས་ཀྱིས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་། དུས་རབས་གསར་པར་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་ཚོ་340ལྷག་ཙམ་གྱིས་མུ་མཐུད་འབད་འབུངས་མདུན་སྐྱོད་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་རེད།