འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་21ཉིན།

༄༅།།བོད་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབུལ་སྒྲོལ་ཐ་སྐྱོང་ཡོང་བའི་འགན་ལེན་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་སྤྱི་འདོམས་དང་། གནས་སྐབས་ཀྱི་སྐྱོབ་རོགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒན་གསོའི་ཞབས་ཞུ་ལེགས་གཏོང་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཐབས་མང་མཉམ་སྤྱོད་བརྒྱུད་དབུལ་སྒྲོལ་ཐ་སྐྱོང་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་དང་མང་ཚོགས་དབུལ་པོའི་རྒྱུན་གཏན་གྱི་འཚོ་བར་འགན་ལེན་བྱས་པ་རེད།
     2018ལོའི་ཟླ་12པ་བར། བོད་ལ་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་བསྡོམས་མི་171851ཡོད་ཅིང་། བོད་ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་སྤྱི་འདོམས་བྱས་ནས་ཐོན་ལས་ཀྱི་རོགས་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས། སྣོད་བཅུད་སྲུང་སྐྱོང་སོགས་དབུལ་སྐྱོར་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་བཅུག་ཐོག“འགན་ལེན་བྱེད་དགོས་ངེས་ལ་འགན་ལེན་དང་རོགས་སྐྱོར་བྱེད་དགོས་ངེས་ལ་རོགས་སྐྱོར”བྱས་པ་རེད།
     དེ་དང་ཆབས་ཅིག བོད་ཀྱིས་སྨན་བཅོས་རོགས་སྐྱོབ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆ་རྐྱེན་དང་འཚམ་པའི་མི་འབོར་དབུལ་པོ་ནད་གཞི་ལྕི་རིགས་དང་ཚབས་ཆེན་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་སུ་བཅུག་ཐོག་ལོ་ཧྲིལ་པོར་མི་ཐེངས་ཁྲི་13ལ་རོགས་སྐྱོབ་བྱས་ནས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་ནུས་ལྡན་བྱས་པ་རེད།
      བོད་ཀྱིས་ད་དུང་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་ཚད་ལྡན་དུ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་ཞིང་། 2018ལོའི་ཟླ་12པ་བར་ལྗོངས་ཡོངས་སུ་རྒན་གསོའི་སྒྲིག་གཞི་བསྡོམས་97དང་ཉལ་ཁྲི་11783ཡོད་པ་དང་། ལྗོངས་ཡོངས་སུ་དབང་པོ་སྐྱོན་ཅན་དབུལ་པོའི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་ཚད་གཞི་དུས་མཚུངས་ལས་82%མཐོ་རུ་བཏང་བ་དང་དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”ཀྱི་མ་དངུལ་སྒོར་ཁྲི་18682.8དོན་འཁྱོལ་བྱས་པ་དེས་དབང་པོ་སྐྱོན་ཅན་123840ལ་ཕན་པ་ཐོབ་པ་དང། ཁྱོན་ཡོངས་ནས་དམིགས་བསལ་དཀའ་ངལ་ཡོད་མཁན་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་ལག་ལེན་བསྟར་བར་ལྗོངས་ཡོངས་ཀྱི་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་57.21%ཟིན་ཡོད་པ་རེད།