འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་21ཉིན།

༄༅།།དམངས་ཡོངས་ལུས་སྦྱོང་ཁྲོད་དུ་ཞུགས། དགའ་སྐྱིད་འཚོ་བ་མྱོང་རོལ་བྱེད། 

—— ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོ་རུ་ཁག་གི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དམངས་ཡོངས་ལུས་སྦྱོང་ཁྲོད་དུ་ཞུགས། དགའ་སྐྱིད་འཚོ་བ་མྱོང་རོལ་བྱེད།
      འདི་ནི་ཟླ་3ཚེས་3ཉིན་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་སྦྱོང་བརྡར་བྱེད་བཞིན་པ།
      ཉེ་ཆར། རྐང་ལག་ལ་སྐྱོན་ཡོད་པའི་མི་ཚོགས་ཤིག་ས་བབ་མཐོ་ཚད་སྨི་3700ཟིན་པའི་ལྷ་སའི་བྱང་འདབས་ཀྱི་ལན་ཆིའུ་སྤོ་ལོའི་ཐང་ཞིག་ཏུ་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་མཆིས། ཁོང་ཚོས་རྐུབ་སྟེགས་འཁོར་ལོའི་ཐོག་བསྡད་ནས་སྤོ་ལོ་སྤྲོད་པ་དང་། སྤོ་ལོ་འཕྲོག་པ། སྤོ་ལོ་བླུག་པ། སྤོ་ལོ་ཧབ་ཐོབ་རྒྱག་པ་སོགས་བྱེད་པ་དང་འགྲན་བསྡུར་ལ་རྒྱལ་ཁ་ཐོབ་ཆེད་སྤོ་ལོའི་རྩལ་སྣ་ཚོགས་བཏོན་ནས་ཕ་རོལ་ལས་རྣམ་པར་རྒྱལ་ཐབས་བྱེད་བཞིན་འདུག
      བོད་ལྗོངས་ལྷ་སའི་ལས་ཞོར་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོ་རུ་ཁག་དེར་རུ་མི་25ཡོད་པའི་ཁྲོད་ནས་6ནི་བུ་མོ་ཡིན་པ་དང་རུ་མི་མང་ཆེ་བར་རང་ཉིད་ཀྱི་ལས་ཀ་ཡོད་ཅིང་། མ་བྱན་དང་། སྲིད་གཞུང་ཚན་པའི་དྲུང་ཡིག བར་སྐོར་ནང་གི་ཚོང་པ་བཅས་ཡོད་ལ། ད་དུང་སྲོལ་རྒྱུན་གྱི་ལྷ་འབྲི་བའང་ཡོད། ཁོང་ཚོ་ཚང་མར་ཐུན་མོང་གི་བརྩི་དད་ཅིག་ཡོད་པའི་དབང་གིས་མཉམ་དུ་འཛོམས་ནས་ལན་ཆིའུ་སྤོ་ལོའི་རུ་ཁག་དེ་བཙུགས་པ་རེད།
      1998ལོར་སྐྱེས་པའི་བདེ་གཡང་སྤོ་ལོ་བརྒྱབ་ནས་ལོ་5སོང་ཡོད། 2014ལོར་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་འཛུགས་སྐབས་ནས་ཁོང་དེར་ཞུགས་ཡོད། གཟའ་འཁོར་མི་རེ་ངོ་རེར་ཁོང་གིས་སྦྱོང་བརྡར་ལ་ཡོང་བ་དང་། དགུང་ཟས་བཟས་རྗེས་ལན་ཆིའུ་སྤོ་ལོའི་ཐང་དུ་ཡོང་ནས་ཉི་མ་མ་ནུབ་བར་སྤོ་ལོ་བརྒྱབ་ནས་སྡོད་ཀྱི་ཡོད། བདེ་གཡང་ལ་བྱིས་པའི་སྦྲིད་ནད་ཕོག་ཡོད་ཅིང་། ཁོང་གིས་ལོ་གཉིས་སྦྱོང་བརྡར་བྱས་རྗེས་སྤོ་ལོ་གཞི་ནས་ལན་ཆིའུ་སྤོ་ལོའི་དྲྭ་ བའི་ནང་བླུགས་ཐུབ་ཀྱི་ཡོད།
      བསྟན་འཛིན་ནི་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་རུ་ཁག་གི་རུ་དཔོན་ཡིན་ཞིང་། ཁོང་དང་བཟའ་ཟླ་ཆོས་སྐྱིད་ལྷ་མོ་གཉིས་ཀ་རུ་ཁག་གི་ཁོངས་མི་རེད། ཁོང་གཉིས་ཀྱི་ལོ་དྲུག་ལ་སླེབས་པའི་བུ་བསྟན་འཛིན་སྐལ་བཟང་ནི་བློ་བག་ཡངས་བའི་ཕྲུ་གུ་བདེ་མོ་ཐང་མ་ཞིག་ཡིན་པ་དང་ཕ་མས་རྟག་ཏུ་ལན་ཆིའུ་སྤོ་ལོ་རྒྱག་པར་འཁྲིད་ཡོང་གི་ཡོད། བུ་ལན་ཆིའུ་སྤོ་ལོར་དགའ་ཞེན་ཆེ་བ་དང་རྟག་ཏུ་སྤོ་ལོ་ཐང་གི་འགྲམ་དུ་ཕ་མའི་ཆེད་དུ་དགའ་འབོད་བྱེད་པ་དང་གཟའ་མཇུག་ཏུ་འགྲན་བསྡུར་ཡོད་རིམ་བཞིན་བུས་འགྲན་བསྡུར་འགོ་ཚུགས་ཀྱི་སྤོ་ལོ་དབྱུག་པར་ཡོང་གི་ཡོད། འགྲན་བསྡུར་བྱེད་རིང་སྤོ་ལོ་རུ་མིའི་ལག་ནས་ཤོར་ན་བུས་སྤོ་ལོ་བསྒྲུགས་ནས་རྟག་ཏུ་རང་ཉིད་ཀྱི་པཱ་ལགས་ལ་སྤྲད་དེ་ཚང་མ་གད་མོ་ཤོར་བ་བཟོ་གི་ཡོད།
     ཨན་ཧུའེ་ལུའུ་ཀྲོའུ་ཡི་ཀུའོ་པེ་ལ་ཀླད་སྐྱོན་ནད་ཕྲན་ཙམ་ཕོག་ཡོད་པ་དང་ལྷ་ས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལྟེ་གནས་སུ་གློག་ཀླད་ཀྱི་ཕར་ཆིན་རྒྱག་སྟངས་ཇུས་འགོད་བྱེད་བཞིན་ཡོད། ཀུའོ་པེ་2016ལོར་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་རུ་ཁག་ལ་ཞུགས་པ་དང་། ཁོང་གིས“ཁོང་ཚོའི་སྤོ་ལོ་ཐེངས་འགའ་བལྟས་རྗེས་ང་རང་རུ་ཁག་དེར་ཞུགས་འདོད་ཆེན་པོ་བྱུང་ལ། སེམས་ཁྲལ་ཡང་ཅུང་ཙམ་བྱུང”ཞེས་དྲན་གསོ་བྱེད་བཞིན་དུ་བརྗོད། ཕྱིས་སུ་ཁོང་གིས་བློ་ཁོག་ཆེན་པོས་རུ་མི་རྣམས་ལ་རང་ཉིད་རུ་ཁག་དེར་ཞུགས་འདོད་ཡོད་པའི་བསམ་ཚུལ་བརྗོད།
      “རུ་མི་ཚོས་ང་ལ་དམིགས་བསལ་ལྟ་རྟོག་བྱེད་ཀྱི་འདུག གཟའ་འཁོར་མི་རེ་ངོ་རེར་འདི་གར་ཡོང་སྐབས་སེམས་ཧ་ཅང་སྐྱིད་པོ་འདུག ཁོང་ཚོ་དང་མཉམ་དུ་བསྡད་ན་ང་ལ་ཡུལ་པོ་ཡོད་པའི་སྣང་བ་གཏན་ནས་མི་འདུག”ཅེས་ཀུའོ་པེས་བརྗོད།
      འགྲན་རར་འགྲན་བསྡུར་འཁྲུག་པོ་བྱེད་སྐབས། རུ་ཁག་དམར་པོའི་རུ་མི་སྐྱེས་པ་ཞིག་ས་ལ་འགྱེལ་བས། ཚང་མས་ཁོང་ལ་རོགས་རམ་བྱས་ཏེ་སླར་ཡང་རྐུབ་སྟེགས་འཁོར་ལོ་ཅན་གྱི་ཐོག་ཏུ་བཞག
      རུ་དཔོན་བསྟན་འཛིན་གྱིས། 2016ལོའི་ཟླ་11པར། ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནི་ང་ཚོའི་རུ་ཁག་གིས་མང་ཚོགས་མདུན་དུ་འགྲན་བསྡུར་བྱེད་ཐེངས་དང་པོ་རེད་ཅེས་ངོ་སྤྲོད་བྱས། 2018ལོའི་ཟླ་6པར། རྒྱལ་ཡོངས་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན(NBL)ལྷ་སར་འགོ་ཚུགས་པ་དང་། ཁོང་ཚོ་བར་གསེང་ངལ་གསོ་རྒྱག་སྐབས་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོ་རུ་ཁག་གིས་འཁྲབ་སྟོན་བྱས། བསྟན་འཛིན་གྱིས་རུ་ཁག་གི་རུ་མི་རྣམས་ལས་རིགས་མི་འདྲ་བ་ནས་ཡོང་བ་ཤ་སྟག་རེད། ཚང་མ་ལན་ཆིའུ་སྤོ་ལོར་དགའ་པོ་ཡོད་པས་གྲོགས་པོར་གྱུར་པ་རེད། དབང་པོར་སྐྱོན་ཡོད་པའི་མི་ཞིག་གི་ངོས་ནས་བརྗོད་ན་འགྲན་བསྡུར་ལ་ཞུགས་པ་དེ་ཐོབ་ཤོར་ལས་དེ་བས་གལ་འགངས་ཆེ་བ་ཡོད། རུ་མི་ཚོས་ས་བབ་མཐོ་པོ་འདི་འདྲར་སྤོ་ལོ་ཧུར་ཐག་རྒྱག་པ་མཐོང་སྐབས་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག་ཅེས་བརྗོད།
     བསྟན་འཛིན་གྱིས་ཁོང་ཚོའི་རུ་ཁག་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ས་ཕྱོགས་ཁག་ཏུ་སྤེལ་རེས་དང་འགྲན་བསྡུར་བྱེད་པར་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས་ང་ཚོས་ཕུལ་བྱུང་གི་མི་དང་གྲོགས་པོ་བསྒྲིགས་ནས་ཁོང་ཚོའི་དེ་བས་ཡག་པའི་སྤོ་ལོ་རྒྱག་རྩལ་དང་ཞབས་ཞུ་སློབ་སྦྱོང་བྱས་ན། ས་མཐོའི་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོ་རུ་ཁག་ཀྱང་དེ་བས་ཆེ་བའི་འགྲན་རར་འགྲན་བསྡུར་བྱེད་པར་འགྲོ་ཐུབ་པ་དང་། དབང་པོ་སྐྱོན་ཅན་གྲོགས་པོ་སྔར་ལས་མང་བ་རུ་ཁག་ལ་ཞུགས་སུ་བཅུག་ནས་ལུས་རྩལ་ལས་བྱུང་བའི་སྤྲོ་སྣང་ཉམས་ལེན་བྱེད་དུ་འཇུག་ཐུབ་ཅེས་བརྗོད།