འཚོལ་བཤེར།   
藏文频道
2019ལོའི་ཟླ་3ཚེས་21ཉིན།

༄༅།།ཁམ་ཕུ་ཁྲེར“ནམ་ཡང་གནས་པའི་སྨན་བཅོས་རུ་ཁག”ཅིག་གསོ་སྐྱོང་བྱས་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 03ཚེས་21ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། མའོ་ཕིང་ཧྥེ་དང་ཀྲུའུ་ཝེས། 
ཀོང་ཤིས་གསོ་རིག་ཚན་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་སྨན་བཅོས་རུ་ཁག་ནི“རྒྱུད་གཅིག་ལམ་གཅིག”གི་སྐྱ་གྲིབ་དྲག་སྐྱིད་བྱ་སྤྱོད་སྤེལ་ཆེད་པང་ཀྲན་དུ་ཡོང་བའི་སྨན་བཅོས་རུ་ཁག་ཁག་བཞི་པ་ཡིན་ལ། སྨན་པ་3དང་སྨན་གཡོག་3ལས་གྲུབ་ཡོད་པ་རེད།       བྱ་སྤྱོད་དེ་ནི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཤང་ཀང་ལྟེ་གནས་ནས་སྤེལ་བ་ཞིག་ཡིན་ཞིང་། ཨེ་ཤེ་ཡའི་ལོང་འགོག་ཐེབས་རྩ་ལྷན་ཚོགས་དང་། ཤང་ཀང་གི་ཁྱིམ་གཞིས་གསར་པའི་མཐུན་ཚོགས། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་། ཁམ་ཕུ་ཁྲེ་འཕྲོད་བསྟེན་པུའུ་བཅས་ཀྱིས་མཉམ་དུ་ལག་བསྟར་བྱས་པ་ཞིག་ཡིན་ལ། 2018ལོའི་ཟླ་ལྔ་པར་དངོས་སུ་སྤེལ་འགོ་ཚུགས་པ་རེད།

      ཚེས་15ཉིན་ནི་སྨན་བཅོས་རུ་ཁག་དེ་པང་ཀྲན་དུ་འབྱོར་ནས་གཤགས་བཅོས་ཐེངས་དང་པོ་བྱས་པའི་ཉིན་ཡིན་ལ། ཉིན་དེར་ཁྱོན་གཤགས་བཅོས་ཐེངས་23བྱས་པ་དང་། སྨན་བཅོས་རུ་ཁག་གི་རུ་དཔོན་ལེའང་ཧའོ་ཡིས་གསར་འགོད་པར“ས་གནས་དེ་གའི་སྨན་བཅོས་ཁོར་ཡུག་དང་སྒྲིག་བཀོད་ཡག་པོ་མེད་པའི་ཁར། ཕན་ཚུན་སྐད་བརྡ་མི་འཕྲོད་པ་བཅས་ཀྱིས་ང་ཚོར་དཀའ་ངལ་བཟོས་བྱུང་། ཡིན་ན་ཡང་། ས་གནས་དེ་གའི་སྨན་ཁང་གིས་སྐད་སྒྱུར་བ་དང་སྨན་པ་དང་སྨན་གཡོག་མངགས་པས། ང་ཚོའི་དབར་གྱི་མཉམ་ལས་ཡག་པོ་བྱུང”ཞེས་བརྗོད།

     ཁམ་ཕུ་ཁྲེའི་ས་ཁུལ་གཞན་གྱི་ནད་པ་མང་པོ་ཞིག་ཀྱང་དེར་སྨན་བཅོས་བྱེད་པར་ཡོང་བ་དང་། འདི་ལོ་ལོ་36ལ་སོན་པའི་སུང་མེ་ལེ་ཆེད་མངགས་ཕ་ནོམ་ཕེན་ནས་པང་ཀྲན་དུ་ཡོང་བ་རེད། ཁོང་གིས་གསར་འགོད་པར། ངའི་མིག་གཡོན་མར་རྨས་སྐྱོན་ཕོག་རྗེས་སྐྱ་གྲིབ་ཕོག་པ་དང་། ཟླ་བདུན་གྱི་གོང་དུ་ནད་གཞི་ཇེ་སྡུག་ཏུ་ཕྱིན་ནས་མིག་ལོང་གྲབས་བྱས་པས་ལས་ཀ་ཡང་བྱེད་ཐབས་བྲལ། “གྲོགས་པོའི་ས་ནས་ཀྲུང་གོའི་སྨན་པ་འདི་གར་ཕེབས་པའི་གནས་ཚུལ་ཐོས་འཕྲལ་ང་མགྱོཌ་མྱུར་ཕ་ནོམ་ཕེན་ནས་ཡོང་བ་ཡིན། ངའི་མིག་སངས་དྲག་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
     ཆེད་མངགས་ཕ་ནོམ་ཕེན་ནས་ཡོང་མཁན་ད་དུང་ཁམ་ཕུ་ཁྲེའི་མིག་ནད་ཚན་ཁག་གི་སྨན་པ་ཧུང་ཆིང་ཡང་ཡོད། ཧུང་ཆིང་ནི་གཟུགས་པོ་ཆེ་ཞིང་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་མཁན་ཞིག་ཡིན་ཞིང་། ཁོང་གིས“ངས་སྔོན་ཆད་ཀོང་ཤིས་གསོ་རིག་ཚན་རིག་སློབ་ཆེན་དུ་ཕྱི་སྦྱོང་སློབ་མ་བྱེད་མྱོང་། སློབ་གྲྭ་དེ་ནས་ཐོན་རྗེས་ཁམ་ཕུ་ཁྲེའི་ཝང་ཅཱ་ཅུན་སྤྱི་ཁྱབ་སྨན་ཁང་གི་མིག་ནད་ཚན་ཁག་ཏུ་ད་བར་ལས་ཀ་བྱས་པ་ཡིན། ད་རེས་མ་ཡུམ་སློབ་གྲྭའི་སྨན་པ་པང་ཀྲན་དུ་ཕེབས་པ་ཐོས་འཕྲལ་དགོངས་པ་ཞུས་ནས་མགྱོགས་མྱུར་ངང་དེར་ཡོང་བ་ཡིན”ཞེས་བརྗོད།

     ཧུང་ཆིང་གིས། ཁམ་ཕུ་ཁྲེར་ཉི་འོད་ཕོག་ཡུན་རིང་ཞིང་སྨུག་ཕྱིའི་འོད་ཟེར་ཆེ་བས་སྐྱ་གྲིབ་ཕོག་མང་བའི་ས་ཁུལ་ཞིག་ཡིན། འདི་གར་སྨན་བཅོས་ཐོན་ཁུངས་དཀོན་པས་ནད་པ་མང་པོ་ཞིག་སྨན་བཅོས་བྱ་ཐབས་བྲལ། “ཀྲུང་གོའི་སྨན་པས་སྒྲིག་ཆས་དང་སྨན་ཁྱེར་ནས་ཁམ་ཕུ་ཁྲེར་ཕེབས་ཏེ། གྲོང་གསེབ་ཀྱི་ནད་པ་མང་པོར་འོད་སྣང་སྦྱིན་ཡོད། ང་ཡང་དེར་སློབ་སྦྱོང་བྱེད་པར་ཡོང་བ་ཡིན། འདི་གའི་སྨན་པའི་ལས་རོགས་བྱེད་ཐེངས་རེར་ཁོང་ཚོའི་ལག་རྩལ་ལ་ཧང་སངས་ཀྱི་འདུག ཀྲུང་གོའི་སྨན་པའི་ལག་རྩལ་ལ་ཡི་རངས་ཆེན་པོ་བྱུང”ཞེས་བརྗོད།

      ཚེས་16ཉིན་གྱི་སྔ་དྲོར། གསར་འགོད་པ་སྨན་ཁང་དུ་གཤགས་བཅོས་བྱས་རྗེས་བསྐྱར་དུ་བརྟག་དཔྱད་བྱེད་པར་ཡོང་མཁན་སུང་མེ་ལེ་དང་ཐུག་བྱུང་། ཁོང་གིས་གསར་འགོད་པར། གཤགས་བཅོས་བྱས་ནས་ཉིན་གཅིག་ལས་མ་ཕྱིན་ཡང་། ངའི་མིག་གཡོན་མས་མཐོང་གི་འདུག “སང་དྲག་ཕྱིན་རྗེས། ངས་ལས་ཀ་གསར་པ་བཙལ་ཆོག ཀྲུང་གོའི་སྨན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།

      “སྐྱ་གྲིབ་གཤགས་བཅོས་ཡག་པོ་བྱས་ཏེ་ཁམ་ཕུ་ཁྲེའི་མི་སེར་ཚོར་ཕན་པ་ཐོབ་པ་བྱ་རྒྱུ་ནི་ང་ཚོའི་རེ་འདུན་ཆེ་ཤོས་དེ་ཡིན”“ང་ཚོ་ད་རེས་འདིར་ཡོང་ནས་སྤུས་ཚད་མཐོ་བའི་སྐྱ་གྲིབ་གཤགས་བཅོས་ལེགས་འགྲུབ་ཡག་པོ་ཡོང་བ་བྱ་རྒྱུ་མ་ཟད།      ད་དུང་ས་གནས་འདི་གའི་སྨན་པ་ཚོས་སྨན་བཅོས་ཡོ་བྱད་འདི་དག་བེད་སྤྱོད་ཡག་པོ་གཏོང་ཤེས་སུ་བཅུག་ནས། རང་རྐྱ་འཕེར་བའི་ངང་སྐྱ་གྲིབ་གཤགས་བཅོས་བྱེད་ཐུབ་པ་བྱ་རྒྱུ་ཡིན། འདི་ལྟར་བྱས་ཚེ་ང་ཚོའི་ལག་རྩལ་ནམ་ཡང་འདི་གར་གནས་ཐུབ་ནས། ཁམ་ཕུ་ཁྲེར་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱེད་ཐུབ”ཅེས་ལེའང་ཧའོ་ཡིས་བརྗོད།